ཁི་མའོ་ལོ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་བརྩི་སྲུང་བྱེད་རྒྱུའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 1

​ཁི་མའོ་ལོའི་སྲིད་འཛིན་ཨ་ཀྲ་ལེ་ཡིས་ཟླ12པའི་ཚེས30ཉིན་ཁི་མའོ་ལོའི་རྒྱལ་ས་མའོ་ལོ་ནེ་ནས་སྤེལ་བའི་ཀྲུང་གོ་དང་ཁི་མའོ་ལོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ50འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཁི་མའོ་ལོ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་བརྩི་སྲུང་བྱེད་པ་དང་། ཀྲུང་གོའི་གཅིག་གྱུར་ལས་དོན་ཆེན་མོར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།

ཨ་ཀྲ་ལེ་ཡིས་ཁི་མའོ་ལོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཧོང་ཀྲིན་ལ་ཁི་མའོ་ལོ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ50འགོར་བའི་རྗེས་དྲན་བྱང་བུ་བྱིན་པ་དང་། ཞུ་ཚིག་འབུལ་སྐབས་ཁི་མའོ་ལོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་དེ་རྒྱལ་སྤྱིའི་འབྲེལ་བའི་ཁྲོད་མིག་དཔེ་ལྟ་བུར་གྱུར་ཡོད་པར་གཟེངས་བསྟོད་བྱས་པར་མ་ཟད། ཀྲུང་གོས་དུས་ཡུན་རིང་བོར་ཁི་མའོ་ལོ་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཞུས།

ཧོང་ཀྲིན་གྱིས་བསྟན་དོན། ཀྲུང་གོ་དང་ཁི་མའོ་ལོ་བར་འབྲེལ་བ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ལ་རྒྱབ་སྐྱོར་དང་འདྲ་མཉམ་གྱི་ལྟ་སྟངས་བཟུང་ནས། མཐུན་སྒྲིལ་རོགས་རེས་བྱས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་བཀོད་པའི་ཐུན་མོང་གི་ལྟ་ཚུལ་གལ་ཆེན་དངོས་འབེབས་བྱས་ཏེ། ཀྲུང་གོ་དང་ཁི་མའོ་ལོའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་འཛུགས་བྱེད་རྒྱུ་ཡིན་ཟེར།

སྣེ་ལེན་ཚོགས་འདུ་དེར་ཁི་མའོ་ལོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་ཁི་མའོ་ལོ་སྲིད་གཞུང་གི་སྤྱི་ཁྱབ་དྲུང་ཡིག་ཁྲུའུ་ཡིས་མཉམ་དུ་སྤེལ་བ་རེད། ཉིན་དེར་ཀྲུང་གོ་དང་ཁི་མའོ་ལོའི་ལས་རིགས་སོ་སོའི་སྐུ་མགྲོན200ལྷག་སྣེ་ལེན་ཚོགས་འདུར་ཞུགས་པ་དང་། ཚོགས་ཞུགས་སྐུ་མགྲོན་དག་གིས་ད་རུང་ཀྲུང་གོ་དང་ཁི་མའོ་ལོ་བར་འབྲེལ་བ་བཙུགས་ནས་ལོ་ངོ50འགོར་བའི་པར་རིས་འགྲེམ་སྟོན་ལ་བལྟས།


བསོད་ནམས་ཚེ་རིང་གིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།