
མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཝེ་ནེ་ཙུའེ་ལཱའི་འཐུས་ཚབ་ཚོགས་པས་ཚེས3ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་འདིའི་རེས་སྐོར་ཀྲུའུ་ཞི། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་སོ་མཱ་ལིའི་འཐུས་མི་ཨོ་སི་མན་ལ་འཕྲིན་ཡིག་བསྐུར་ཏེ། ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱ་གནས་ལུགས་མེད་ཅིང་ཡ་ང་བའི་དྲག་ཆས་བཙན་འཛུལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་བ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བྲེལ་མྱུར་གྲོས་ཚོགས་བསྡུ་བ་སོགས་རེ་བ་བཞི་བཏོན།
བཏོན་པའི་རེ་བ་བཞི་ནི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ་ཨ་མེ་རི་ཁའི་བཙན་འཛུལ་བྱ་སྤྱོད་ལ་གྲོས་བསྡུར་བྱེད་པ་དང་། ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱའི་མི་དམངས་དང་སྲིད་གཞུང་ལ་དྲག་ཆས་བཙན་འཛུལ་བྱས་པར་རྒོལ་གཏམ་དྲག་པོ་གཏོང་བ། ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱར་དམིགས་པའི་དྲག་ཆས་དཔུང་འཇུག་མྱུར་དུ་མཚམས་འཇོག་པའི་རེ་བ་འདོན་པ། དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་ཨ་མེ་རི་ཁའི་སྲིད་གཞུང་གིས་རང་གི་བཙན་འཛུལ་ནག་ཉེས་ལ་འགན་ཁུར་དུ་འཇུག་དགོས་པ་བཅས་རེད།
འཕྲིན་ཡིག་ལས་བཤད་རྒྱུར། ཚེས3ཉིན་གྱི་ཞོགས་པར། ཨ་མེ་རི་ཁའི་དམག་དཔུང་གིས་ཝེ་ནེ་ཙུའེ་ལཱའི་རྒྱལ་ས་ཅཱ་ལཱ་ཅཱ་སི་དང་དེ་མིན་མུས་ལན་ཏཱ་མངའ་སྡེ། ཨ་ལཱ་བཀའ་མངའ་སྡེ། ལཱ་བཀའ་དབྱེ་ལཱ་མངའ་སྡེ་སོགས་ཀྱི་མི་སེར་དཀྱུས་མ་དང་དམག་དོན་དམིགས་འབེན་ལ་འགས་གཏོར་བཏང་། ཨ་མེ་རི་ཁའི་དམིགས་བསལ་དམག་དཔུང་གིས་གྱེན་འཕུར་གནམ་གྲུ་དང་གནམ་གྲུ་བཀོལ་ནས་ཝེ་ནེ་ཙུའེ་ལཱའི་ས་ཁུལ་མང་བོར་དཔུང་འཇུག་བྱས་ཟེར།
འཕྲིན་ཡིག་ལས་བཤད་རྒྱུར། ཨ་མེ་རི་ཁའི་བྱ་སྤྱོད་དེ་ནི་ཡུན་རིང་འཆར་འགོད་བྱས་པའི་བཙན་འཛུལ་ཅིག་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་གཏན་འཁེལ་དང་རྒྱབ་འགལ་དུ་སོང་ཡོད། ཨ་མེ་རི་ཁས་ཞི་བདེའི་རྣམ་པར་གནས་པའི་རྒྱལ་ཁབ་ཅིག་ལ་ཡ་ང་བའི་དཔུང་འཇུག་དེ་འདྲ་བྱས་པའི་དམིགས་ཡུལ་ནི་ཝེ་ནེ་ཙུའེ་ལཱའི་ད་ཡོད་ཀྱི་སྲིད་དབང་གཏོར་བཤིག་གཏོང་བ་དང་། མིང་ཙམ་འཛིན་པའི་སྲིད་གཞུང་ཞིག་ལ་ཤུགས་སྣོན་བྱས་ཏེ། རྒྱལ་ཁབ་དེའི་རྡོ་སྣུམ་ཐོན་ཁུངས་བཙན་འཕྲོད་བྱེད་པའི་ཆེད་དུ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།