ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཨུ་རུ་སིའི་རྡོ་སྣུམ་བཙོ་སྦྱང་སྒྲིག་ཆས་དང་དམག་དོན་དམིགས་འབེན་ལ་འཇབ་རྒོལ་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 1

​ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་ཟླ་དང་པོའི་ཚེས་གཅིག་ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཉིན་དེའི་ཞོགས་པར་ཨུ་རུ་སིའི་རྡོ་སྣུམ་བཙོ་སྦྱང་སྒྲིག་ཆས་དང་དམག་དོན་དམིགས་འབེན་མང་བོར་ཆམ་ཕབ་བཏང་ཟེར།

ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་བཤད་རྒྱུར། འཇབ་རྒོལ་ལས་ཨུ་རུ་སིའི་ཏཱ་ཏཱན་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཨ་ཨར་མཱེ་ཅི་ཡེ་ཧྥུའུ་སི་ཁི་ས་ཁུལ་གྱི་མ་བཅོས་རྡོ་སྣུམ་བཙོ་སྦྱང་བྱེད་སའི་སྒྲིག་ཆས་ལ་མེ་སྐྱོན་བྱུང་བ་དང་། ཁི་ལཱ་སི་ནོའུ་ཏཱ་ཨར་མཐའ་མཚམས་ས་ཁུལ་གྱི་དབྱེ་ལེ་སི་ཅི་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭར་ཡང་འཇབ་རྒོལ་ཐེབས་རྗེས་མེ་སྐྱོན་བྱུང་ཡོད་ཟེར། དེ་ལས་གཞན་ཝུའུ་ཁི་ལན་གྱི་དམག་དཔུང་གིས་ད་རུང་ཏོན་ནེ་ཚི་ཁི་ས་ཁུལ་གྱི་ཨུ་རུ་སིའི་དམག་དོན་དམིགས་འབེན་ལ་འཇབ་རྒོལ་བྱས།

ཨུ་རུ་སིའི་གསར་འགྱུར་ཁང་གིས་ཟླ་དང་པོའི་ཚེས་གཅིག་ཉིན་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུས་ཉིན་དེར་ཨུ་རུ་སིའི་ཏཱ་ཏན་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཨ་ཨར་མཱེ་ཅི་ཡེ་ཧྥུའུ་སི་ཁི་ས་ཁུལ་གྱི་རྡོ་སྣུམ་སྒྲིག་ཆས་ལ་འཇབ་རྒོལ་བྱས་ཏེ་མེ་སྐྱོན་བྱུང་ཟེར།

ས་ཁུལ་དེའི་སྲིད་འཛིན་དཔོན་པོ་ཧཱ་པུའུ་ཅི་ནོའུ་ཝ་ཡིས་བཤད་རྒྱུར། ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུ་ཚང་མ་བདེ་བླག་ངང་བཀག་པ་དང་། མེ་སྐྱོན་བྱུང་བའི་རྒྱུ་རྐྱེན་ནི་མི་མེད་གནམ་གྲུའི་ཆག་རོ་རྡོ་སྣུམ་སྒྲིག་ཆས་ཡོད་སའི་ས་ཁོངས་སུ་ལྷུང་བ་ལས་བྱུང་བ་རེད། མེ་སྐྱོན་ལས་སྒྲིག་ཆས་ཀྱི་རྒྱུན་ལྡན་འཁོར་སྐྱོད་ལ་ཤུགས་རྐྱེན་ཐེབས་མེད་པ་དང་། མིག་སྔར་མེ་བསད་ཡོད་པ་དང་། དོན་རྐྱེན་དེ་ལས་མི་སྣར་ཤི་རྨས་བྱུང་བའི་གནས་ཚུལ་བྱུང་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།