
རྒྱལ་ཁབ་མང་བོའི་སྲིད་གཞུང་དང་ཆབ་སྲིད་འགོ་ཁྲིད་པས་ཉེ་སྔོན་བསྟུད་མར་གསལ་སྒྲོག་སྤེལ་ཏེ། ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པའི་ལངས་ཕྱོགས་བསྐྱར་བསྒྲགས་བྱས་པ་དང་། ཕྱི་ཕྱོགས་སྟོབས་ཤུགས་གང་རུང་གིས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱས།
ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཨན་ཏི་ལཱ་པུས་ཀྱིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཕཱ་ཁི་སི་ཐན་དང་ཀྲུང་གོ་ནི་སྤུན་ཟླ་བཟང་བོ་དང་འཐབ་ཇུས་མཉམ་ལས་གྲོགས་པོ་ཡིན་ཞིང་། ཀྲུང་གོའི་ཁེ་ཕན་གཙོ་བོར་འབྲེལ་བའི་གནད་དོན་ཐད་ནས་ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་བཞིན་ཡོད། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཐེ་ཝན་ནི་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཁག་ཅིག་ཡིན་པར་འདོད་པ་དང་། བསྟུད་མར་ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་བྱེད་རྒྱུ་ཡིན་ཟེར།
བྷང་ག་ལཱའི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། བྷང་ག་ལཱ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་བསྐྱར་བསྒྲགས་བྱས་པར་མ་ཟད། བྷང་ག་ལཱ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཛའ་མཐུན་འབྲེལ་བར་མཐོང་ཆེན་བྱེད་པའི་ཚུལ་བསྟན།
མར་ཏའེ་ཝེ་ཡི་ཕྱི་འབྲེལ་པུའུ་ཡིས་བསྐྱར་བསྒྲགས་བྱས་དོན། མར་ཏའེ་ཝེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་ལག་བསྟར་བྱེད་ཅིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་ནི་ཀྲུང་གོའི་ཚབ་བྱེད་པའི་ཁྲིམས་མཐུན་སྲིད་གཞུང་གཅིག་པུ་ཡིན་པ་དང་། ཐེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཁག་ཅིག་ཡིན་པར་འདོད་ཡོད་ཟེར།
ཅི་པུའུ་ཐིས་ཀྱི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ནས། ཅི་པུའུ་ཐིས་སྲིད་གཞུང་གིས་ཀྲུང་གོའི་ཐེ་ཝན་གནད་དོན་ཐད་ཀྱི་ལངས་ཕྱོགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོས་རྒྱལ་ཁབ་གཅིག་གྱུར་མངོན་ཡོངས་འགྲུབ་བྱེད་པའི་བྱ་བ་གང་རུང་ལ་རྒྱབ་སྐྱོར་བྱེད་ལ། ཀྲུང་གོ་གཅིག་དང་ཡང་ན་ཀྲུང་གོ་དང་ཐེ་ཝན་ཁ་ཁར་བྱེད་པའི་གཡོ་ཇུས་གང་རུང་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ཟེར།
ཧན་གོའི་རྒྱལ་ཁབ་བདེ་སྲུང་ཁང་གི་འགོ་བ་ཝེ་ཧྲིན་ལོ་ཡིས་ཚེས2ཉིན་བསྐྱར་བསྒྲགས་བྱས་དོན། ཧན་གོའི་སྲིད་གཞུང་གི་ལངས་ཕྱོགས་ནི་ཀྲུང་གོ་གཅིག་ལ་བརྩི་འཇོག་བྱེད་པ་དེ་ཡིན་ཟེར།
ཐཱ་ཅི་ཁི་སི་ཐན་གྱི་མི་དམངས་དམངས་གཙོ་ཏང་གི་ཀྲུའུ་ཞི་གཞོན་པ་དང་པོ་ནེ་མཱ་ཐི་ཙོ་ཏཱ་ཡིས་ཐཱ་ཅི་ཁི་སི་ཐན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་གོ་ཀྲི་ཅུན་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། ཐེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཁག་ཅིག་ཡིན་པ་དང་། ཐཱ་ཅི་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱེད་ལ། ཕྱི་ཕྱོགས་སྟོབས་ཤུགས་གང་རུང་གིས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་བཞིན་ཡོད་ཟེར།
ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལིའི་བཞུགས་ཤག་གི་མགྲིན་ཚབ་པ་མུའུ་པཱ་ཐཱ་ཡིས་གསལ་སྒྲོག་སྤེལ་ཏེ། ཀྲུང་གོ་གཅིག་གི་རྩ་དོན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་ཁས་ལེན་བྱེད་པའི་ཐུན་མོང་ལྟ་ཚུལ་ཡིན་པ་ནན་བཤད་བྱས་པ་དང་། ཨ་ཧྥེ་རི་ཁ་དབུས་མས་ཀྲུང་གོའི་ཐེ་ཝན་གནད་དོན་ཐད་ཀྱི་ལུགས་མཐུན་ལངས་ཕྱོགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པར་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་པར་རྒྱབ་སྐྱོར་བྱེད་ལ། དེ་ནི་རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོབ་བྱེད་པའི་ཚུལ་མཐུན་གྱི་བྱ་སྤྱོད་ཅིག་ཡིན་པར་བསམ་ཡོད་ཟེར།
ལི་པུ་ཡཱའི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ནས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་བསྐྱར་བསྒྲགས་བྱས་པར་མ་ཟད། རྒྱལ་ཁབ་གཞན་པས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་བྱ་སྤྱོད་གང་རུང་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།