
ཨེ་ཅིབ་དང་ཅོར་ཏན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཧིན་རྡུ་ཉི་ཞི་ཡཱ། ཕཱ་ཁི་སི་ཐན། ཐུར་ཁེ། སོ་ཏི་ཨ་རབ། ཁཱ་ཐར་བཅས་རྒྱལ་ཁབ་བརྒྱད་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ཚེས2ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་དང་རྒྱལ་སྤྱིའི་རོགས་སྐྱོར་རྩ་འཛུགས་ཀྱིས་ཅཱ་ཧྲ་ས་ཁུལ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་ནས་བཀག་མེད་ངང་རྒྱུན་མཐུད་དུ་རྒུད་སྐྱོབ་བྱ་བ་སྤེལ་བར་འགན་སྲུང་བྱེད་དགོས་པའི་སྐུལ་མ་བཏང་བར་མ་ཟད། རོགས་སྐྱོར་བྱ་བར་བཀག་འགོག་བྱེད་པའི་བྱ་སྤྱོད་གང་ཡིན་ཡང་དང་ལེན་བྱེད་ཐབས་མེད་པ་ནན་བཤད་བྱས།
མཉམ་འབྲེལ་གསལ་སྒྲོག་ལས་བསྟན་དོན། ཅཱ་ཧྲ་ས་ཁུལ་དུ་ཉེ་སྔོན་དྲག་ཆར་དང་དྲག་རླུང་སོགས་ཐལ་དྲགས་པའི་ནམ་ཟླ་བྱུང་བ་དང་། དེའི་ཞོར་དུ་རྒུད་སྐྱོབ་དངོས་རྫས་ཀྱི་དགོས་མཁོ་ཆེ་བ་དང་། རྨང་གཞིའི་ཞབས་ཞུ་སླར་གསོ་དང་གནས་སྐབས་ཀྱི་སྡོད་ཁང་ལས་པར་མཁོ་བའི་དངོས་རྫས་དག་འགོར་འགྱངས་ཡུན་རིང་བྱས་ཀྱང་འབྱོར་མེད་པས། མིག་སྔར་མི་ཆོས་ཉམས་ཉེན་སྔར་ལས་ཇེ་སྡུག་ཏུ་སོང་ཡོད་པས། རྒྱལ་ཁབ་བརྒྱད་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་དོན་དེར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ཟེར།
གསལ་སྒྲོག་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་ལ་གནོན་ཤུགས་ཆེན་པོ་ལག་བསྟར་བྱས་ཏེ། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བའི་རས་གུར་དང་སྨན་བཅོས་རྒྱུ་ཆ། འབར་རྫས། དག་གཙང་འཐུང་ཆུ། འཕྲོད་བསྟེན་སྒྲིག་ཆས་སོགས་ཀྱི་རོགས་སྐྱོར་དངོས་རྫས་སྐྱེལ་འདྲེན་བྱེད་པའི་ཐད་ཀྱི་བཀག་འགོག་མེད་པར་བཏང་སྟེ། རོགས་སྐྱོར་དངོས་རྫས་དག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐབས་ལ་བརྟེན་ནས་མྱུར་ཞིང་བཀག་མེད་ངང་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་ཁག་ཐེག་བྱེད་དགོས་པ་དང་། ལཱ་ཧྥ་རྒྱུ་ལམ་དུ་ཕྱོགས་གཉིས་ཀྱི་འགྲོ་འོང་མངོན་འགྱུར་བྱས་ནས་མི་ཆོས་རིང་ལུགས་ཀྱི་རྒྱུ་ལམ་བཀག་མེད་ཡོང་བར་ཁག་ཐེག་བྱེད་དགོས་པའི་རེ་བ་འདོན་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།