དབྱི་ལིང་གི་ནང་སྲིད་ལས་དོན་ལ་ཕྱི་ཕྱོགས་ཀྱིས་ཐེ་གཏོགས་བྱེད་མི་རུང་བའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་པཱ་ཅཱ་ཨེ་ཡིས་ཚེས2ཉིན་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡི་གཏམ་བཤད་ཐད་ནས་བཤད་རྒྱུར། དབྱི་ལིང་མི་དམངས་ཀྱིས་ཕན་ཚུན་བར་གྱི་གྲོས་མོལ་དང་མཉམ་འབྲེལ་ལ་བརྟེན་ནས་རང་སྟེང་གི་གནད་དོན་ཐག་གཅོད་བྱེད་ཀྱང་། ཕྱི་ཕྱོགས་ཐེ་གཏོགས་ཀྱི་བྱ་སྤྱོད་གང་རུང་ལ་ཁས་ལེན་བྱེད་མི་སྲིད་ཟེར།

པཱ་ཅཱ་ཨེ་ཡིས་སྨྱན་བྱད་བརྒྱུད་དེ་ཐི་ལིང་ཕུའུ་ཡིས་དབྱི་ལིང་མི་དམངས་ལ་སེམས་ཁུར་བྱེད་པར་ཁ་གཡར་ནས། མངོན་སུམ་འཛེམ་མེད་ཀྱིས་དབྱི་ལིང་ལ་དཔུང་འཇུག་བྱེད་རྒྱུའི་འཇིགས་སྐུལ་བྱས་པ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་དང་འགལ་ཡོད་པ་དང་། ཁོས་ཨ་མེ་རི་ཁའི་ཆབ་སྲིད་འགོ་ཁྲིད་པས་དབྱི་ལིང་མི་དམངས་སྐྱོབ་པའི་འགུལ་སྐྱོད་བྱ་སྤྱོད་མང་བོ་རྒྱུ་འབྲེལ་དུ་བཀོད་ནས། ཨ་མེ་རི་ཁས་དབྱི་ལིང་མི་དམངས་ལ་སེམས་ཁུར་བྱེད་པ་ལྟར་སྣང་བའི་གཡོ་ཇུས་ངོ་མ་མངོན་པར་བྱས་ཡོད་ཟེར།

དབྱི་ལིང་དབྱི་སི་ལན་གྲོས་ཁང་གི་གྲོས་དཔོན་ཁཱ་ལེ་པཱ་ཧྥུའུ་ཡིས་ཚེས2ཉིན་བསྟན་དོན། གལ་ཏེ་ཨ་མེ་རི་ཁས་ཉེན་ཁའི་བྱ་སྤྱོད་སྤེལ་ན། ཨ་མེ་རི་ཁའི་དབུས་ཤར་ས་ཁུལ་དུ་བཀོད་སྒྲིག་བྱས་ཡོད་པའི་སྒྲིག་ཆས་དང་བཅའ་སྡོད་དམག་དཔུང་དག་དབྱི་ལིང་གིས་རྒོལ་ལན་སྤྲོད་པའི་ཁྲིམས་མཐུན་དམིགས་འབེན་དུ་འགྱུར་སྲིད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།