
ཡེ་མིན་སྲིད་གཞུང་དང་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གཉིས་ཀྱི་དྲག་ཆས་སྟོབས་ཤུགས་ཀྱིས་ཚེས2ཉིན་ཡེ་མིན་ཤར་ཕྱོགས་ཀྱི་ཧཱ་ཏི་ལཱ་མའོ་ཞིང་ཆེན་གྱི་ས་ཁུལ་མང་བོ་ནས་དམག་དོན་འཁྲུག་རྩོད་བྱས། ཡེ་མིན་སྲིད་གཞུང་དང་ཧཱ་ཏི་ལཱ་མའོ་ཞིང་ཆེན་གྱི་འབྲེལ་ཡོད་མི་སྣས་གསར་འགོད་པར་བདེན་དཔང་བྱས་དོན། ཡེ་མིན་སྲིད་གཞུང་དམག་དཔུང་གིས་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་སྟོང་ཤོག་སོ་བདུན་པའི་ཧཱ་ཏི་ལཱ་མའོ་ཞིང་ཆེན་དུ་ཡོད་པའི་སྤྱི་ཁྱབ་པུའུ་བདག་བཟུང་བྱས་ཡོད་ཟེར།
ཧཱ་ཏི་ལཱ་མའོ་ཞིང་ཆེན་གྱི་ཧྲིན་ཀྲང་ཧན་པཱ་ཞེ་ཡིས་ཚེས2ཉིན་ཡེ་མིན་རྒྱལ་ཁབ་བརྙན་འཕྲིན་ཁང་ནས་ཁྱབ་བསྒྲགས་བྱས་དོན། ཡེ་མིན་སྲིད་གཞུང་གིས་ཞིང་ཆེན་དེའི་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་ལ་དམག་དོན་འགུལ་སྐྱོད་སྤེལ་ཡོད་ཟེར། ཧན་པཱ་ཞེ་ཡིས་བཤད་རྒྱུར། འགུལ་སྐྱོད་དེ་ནི་ཧཱ་ཏི་ལཱ་མའོ་ཞིང་ཆེན་གྱི་དམག་དོན་སྒྲིག་ཆས་ཕྱིར་འཕྲོག་ལེན་བྱེད་པ་དང་། ཞིང་ཆེན་དེའི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་ཆེད་ཡིན་ཟེར། ཁོས་ནན་གྱིས་བསྟན་དོན། ཐེངས་འདིའི་འགུལ་སྐྱོད་ནི་ཞི་བདེའི་འགུལ་སྐྱོད་ཅིག་ཡིན་པས། འཐབ་འཁྲུག་ཏུ་རློམ་ནས་གནས་བབ་ཛ་དྲག་ཏུ་གཏོང་མི་རུང་བ་དང་། སྔོན་འགོག་རང་བཞིན་གྱི་བདེ་འཇགས་བྱེད་ཐབས་ཤིག་ཏུ་རློམ་དགོས་ཟེར།
འགུལ་སྐྱོད་སྤེལ་མགོ་བརྩམས་རྗེས། ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་ནཱ་ཅི་པུའུ་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཨུ་ཡོན་ལྷན་ཁང་དེས་གྲ་སྒྲིག་གང་ལེགས་བྱས་ཡོད་པ་དང་། ཡེ་མིན་སྲིད་གཞུང་གིས་སྤེལ་བའི་དམག་དོན་འགུལ་སྐྱོད་ལ་རྒོལ་ལན་དྲག་པོ་སྤྲོད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར