
ཡེ་མིན་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་པ་ཙུའུ་པེ་ཏིས་ཀྱིས་ཚེས2ཉིན་ལོ་ངོ་གཉིས་ཀྱི་བར་བརྒལ་དུ་སྐབས་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་པ་དང་། དུས་སྐབས་དེའི་ནང་ས་གནས་སྟོབས་ཤུགས་དེས་ཡེ་མིན་ལྷོ་ཕྱོགས་ས་ཁུལ་བདག་འཛིན་དོ་དམ་བྱེད་རྒྱུ་ཡིན་ལ། དེའི་རྗེས་སུ་ལྷོ་ཕྱོགས་རང་བཙན་བྱེད་པར་དམངས་ཀྱིས་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར།
ཙུའུ་པེ་ཏིས་ཀྱིས་ཉིན་དེར་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་གཏོགས་པའི་འཁོར་བསྐར་འཕྲིན་ལམ་ནས་གསལ་སྒྲོག་སྤེལ་ཏེ། ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡེ་མིན་ལྷོ་བྱང་དང་འབྲེལ་བའི་ཕྱོགས་ཁག་སོ་སོའི་བར་གཏན་འཁེལ་བྱས་པའི་དུས་ཚོད་ནང་ལྷོ་ཕཡོགས་མི་དམངས་ལ་རང་ཐག་གཅོད་པའི་དབང་ཆ་ཡོད་པར་འགན་སྲུང་བྱེད་པའི་ཐབས་ལམ་དང་རྐྱེན་སྲོལ་ཐད་ནས་གྲོས་མོལ་བྱེད་རྒྱུ་མ་ཟད་དམངས་ཡོངས་ཀྱིས་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ་བར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད་ཟེར།
ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གིས་དེའི་རྗེས་སུ་ཨ་རབ་ལྷོ་མ་སླར་གསོ་བྱེད་པའི་རྩ་ཁྲིམས་བསྒྲགས་གཏམ་སྤེལ་བར་མ་ཟད། བསྒྲགས་གཏམ་དེ2028ལོའི་ཟླ1པའི་ཚེས2ཉིན་ནུས་ལྡན་དུ་འགྱུར་སྲིད་པ་དང་། གལ་ཏེ་འབོད་སྐུལ་དེ་དང་ལེན་མི་བྱེད་པའམ་ཡེ་མིན་ལྷོ་ཕྱོགས་ལ་དམག་དོན་ཆམ་ཕབ་ཐེབས་ནས། བསྒྲགས་གཏམ་དེས་སྔོན་ལ་ནུས་ལྡན་དུ་འགྱུར་ངེས་ཡིན་ཟེར།
རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁས་ལེན་བྱེད་པའི་ཡེ་མིན་སྲིད་གཞུང་གིས་མིག་སྔར་ད་རུང་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་གོང་སྨྲས་ཀྱི་གསལ་སྒྲོག་ཐད་ནས་དཔྱད་བརྗོད་གང་ཡང་སྤེལ་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།