ཝུའུ་ཁི་ལན་གྱི་རྒྱལ་སྲུང་པུའུ་ཡི་གསང་འཕྲིན་སྤྱི་ཁྱབ་ཅུས་ཡི་ཅུས་ཀྲང་བརྗེ་སྤོར་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 1

​ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་ཚེས2ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཝུའུ་ཁི་ལན་ཕྱོགས་ཀྱི་ཕྱི་ཕྱོགས་གསང་འཕྲིན་ཅུས་ཡི་ཅུས་ཀྲང་དབྱེ་ཝ་ཞན་ཁི་ཡིས་པུའུ་ཏཱ་ནོའུ་ཧྥུའུ་ཡི་ཚབ་ཏུ་ཝུའུ་ཁི་ལན་རྒྱལ་སྲུང་པུའུ་གསང་འཕྲིན་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་དུ་བསྐོ་འཇོག་བྱས་པ་ཁྱབ་བསྒྲགས་བྱས།

ཙེ་ལིན་སི་ཅི་ཡིས་ཉིན་དེར་དབྱི་ཝ་ཞན་ཁི་ལ་ཐུག་འཕྲད་བྱས་ཏེ། ཁོའི་རྒྱལ་ཁབ་སྤྱིའི་གནས་བབ་དང་མིག་སྔའི་འཇིགས་ཉེན་ཐད་ཀྱི་སྙན་ཞུར་ཉན།

ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱིས་མུ་མཐུད་དུ་ཨུ་རུ་སིའི་དཔལ་འབྱོར་སྦས་ཤུགས་ཉམས་ཞན་དུ་གཏོང་རྒྱུ་ཡིན་པ་དང་། བྱེད་ཐབས་སྤྱད་ནས་ཨུ་རུ་སིའི་རྡོ་སྣུམ་ཕྱིར་གཏོང་ལ་བཀག་འགོག་བྱས་ནས་དེའི་རིན་གོང་ཇེ་དམའ་རུ་གཏོང་རྒྱུ་ཡིན། དམག་དོན་བཟོ་ལས་ཐོན་སྐྱེད་ཐད་ནས། ཝུའུ་ཁི་ལན་ཕྱོགས་ཀྱིས་བྱེད་ཐབས་སྤྱད་དེ་སྔར་ལས་ཚད་ཆེན་པོའི་སྒོ་ནས་ཨུ་རུ་སི་དང་འཛམ་གླིང་བར་གྱི་འབྲེལ་ཐག་གཅོད་རྒྱུ་ཡིན་ཟེར།

ཉིན་དེའི་སྔ་དྲོར། ཙེ་ལིན་སི་ཅི་ཡིས་པུའུ་ཏཱ་ནོའུ་ཧྥུའུ་ཝུའུ་ཁི་ལན་གྱི་སྲིད་འཛིན་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་དུ་བསྐོ་འཇོག་བྱས། ཝུའུ་ཁི་ལན་གྱི་སྲིད་འཛིན་གཞུང་སྒྲུབ་ཁང་གི་སྔོན་ཆད་ཀྱི་ཀྲུའུ་རེན་ཡེ་ཨར་མཱ་ཁི་ཡིས་ནུས་ཁུངས་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་དབང་གིས2025ལོའི་ཟླ11པར་ལས་ཁུར་དགོངས་ཞུ་བྱས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།