
ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས3ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱར་གཞི་རྒྱ་ཆེ་བའི་ཆམ་ཕབ་བཏང་བ་དང་། ཝེ་ནེ་ཙུའེ་ལཱའི་སྲིད་འཛིན་མཱ་ཏུའུ་ལོ་དང་ཁོའི་ལྕམ་མོ་འཛིན་བཟུང་བྱས་ཡོད་ཟེར།
ཐི་ལིང་ཕུའུ་ཡིས་བཤད་རྒྱུར། ཐེངས་འདིའི་འགུལ་སྐྱོད་ནི་ཨ་མེ་རི་ཁའི་ཁྲིམས་བསྟར་སྡེ་ཁག་གིས་མཉམ་འབྲེལ་སྒོས་སྤེལ་བ་ཡིན། ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་ཚེས3ཉིན་གྱི་དུས་ཚོད་བཅུ་གཅིག་སྟེང་ཧྥོ་ལོ་ལི་ཏཱ་མངའ་སྡེའི་ཧེ་ཧུའུ་གཞིས་ཀ་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས་གནས་ཚུལ་ཞིབ་རྒྱས་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་ཟེར།
དེའི་སྔོན་ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་གིས་སྤྱི་སྒྲོག་སྤེལ་ཏེ། མཱ་ཏུའུ་ལོ་ཡིས་བཅའ་ཁྲིམས་བཀའ་རྒྱ་བཀོད་དེ། རྒྱལ་ཡོངས་སུ་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། མི་དམངས་ཚང་མ་མྱུར་མོར་དྲག་ཆས་འཐབ་རྩོད་ནང་ཞུགས་ནས་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ཕམ་ཉེས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་ཡོད་ལ། མཱ་ཏུའུ་ལོ་ཡིས་བཀའ་རྒྱ་བཏང་སྟེ་རྒྱལ་ཡོངས་ཀྱི་མངའ་སྡེ་དང་གྲོང་ཁྱེར་ཚང་མར་ཕྱོགས་བསྡུས་འགོག་སྲུང་བཀོད་འདོམ་པུའུ་བཀོད་སྒྲིག་བྱས་ཡོད།
སྤྱི་སྒྲོག་ལས་ཨ་མེ་རི་ཁའི་ད་ལྟའི་སྲིད་གཞུང་གིས་ཝེ་ནེ་ཙུའེ་ལཱའི་མངའ་ཁོངས་དང་མི་དམངས་ལ་དམག་དོན་བཙན་འཛུལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་། སྤྱི་སྒྲོག་ལས་བསྟན་དོན། ཐེངས་འདིའི་དམག་དོན་ཆམ་ཕབ་ནི་ཝེ་ནེ་ཙུའེ་ལཱའི་ཅཱ་ལཱ་ཅཱ་སི་དང་དེ་མིན་མུས་ལན་ཏཱ་མངའ་སྡེ། ཨ་ལཱ་བཀའ་མངའ་སྡེ། ལཱ་བཀའ་དབྱེ་ལཱ་མངའ་སྡེ་བཅས་ཀྱི་དམངས་བཀོལ་དང་དམག་དོན་དམིགས་འབེན་ལ་དམིགས་ཡོད་ཟེར།
སྤྱི་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁའི་བྱ་སྤྱོད་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་ལ་མངོན་སུམ་གྱིས་འགལ་ཡོད་པ་དང་། ཁྱད་པར་དུ་རྒྱལ་ཁབ་ཀྱི་བདག་དབང་བཅའ་ཁྲིམས་འདྲ་མཉམ། དྲག་ཤུགས་བཀོལ་བ་གཏན་འགོག་བྱེད་པའི་འབྲེལ་ཡོད་དོན་ཚན་ལ་འགལ་ཡོད་པས། ཝེ་ནེ་ཙུའེ་ལཱ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གཞིར་བཟུང་ནས་ཁྲིམས་མཐུན་རང་སྲུང་བྱེད་པའི་ཁེ་དབང་སོར་འཇོག་བྱེད་རྒྱུ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་སོགས་ལ་ཞུ་གཏུག་བྱེད་རྒྱུ་ཡིན་ཟེར།
ཁོ་ལོམ་པུ་ཡཱའི་སྲིད་འཛིན་ཕའེ་ཐི་ལོ་ཡིས་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཉུང་མཐར་ཡང་གྲོས་ཁང་ཡོད་སའི་ཐོག་ཁང་དང་ཅཱ་ལཱ་ཅཱ་སིའི་དཀྱིལ་སྙིང་མཁར་ཁུལ། ཨེ་ཨར་ཨ་ཏིས་ཡའོ་གནམ་གྲུ་ཐང་བཅས་འདུས་པའི་ཝེ་ནེ་ཙུའེ་ལཱའི་དམིགས་འབེན་བཅུ་ཙམ་ལ་འགས་གཏོར་ཐེབས་ཡོད་ཟེར། ཕའེ་ཐི་ལོ་ཡིས་མཉམ་འབྲེལ་རྒྱལ་ཚོགས་དང་མེ་གླིང་རྒྱལ་ཁབ་རྩ་འཛུགས་ཀྱིས་མྱུར་དུ་བྲེལ་མྱུར་གྲོས་ཚོགས་བསྡུས་ནས་གནས་བབ་དེ་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།
ཕའེ་ལོ་ཐི་ཡིས་བསྟན་དོན། ཁོ་ལོམ་པུ་ཡཱའི་སྲིད་གཞུང་གིས་ཝེ་ནེ་ཙུའེ་ལཱའི་མངའ་ཁོངས་སུ་འགས་གཏོར་འཇབ་རྒོལ་ཐེབས་པ་དང་། དེ་ལས་བྱུང་བའི་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ལ་སེམས་ཁུར་བྱེད་བཞིན་ཡོད་ལ། ཁོ་ལོམ་པུ་ཡཱ་ཕྱོགས་ཀྱིས་གནས་བབ་སྔར་ལས་ཛ་དྲག་ཏུ་གཏོང་བ་དང་མི་སེར་དཀྱུས་མར་ཉེན་ཁ་བཟོ་བའི་ཕྱོགས་གཅིག་གི་དམག་དོན་འགུལ་སྐྱོད་ལ་ངོ་རྒོལ་བྱེད་བཞིན་ཡོད་ཟེར།
ཁུ་པཱ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིས་ཡཱ་སི་ཁཱ་ནེ་ཨར་གྱིས་ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱར་འཇབ་རྒོལ་བྱས་པའི་ནག་ཉེས་ལ་རྒོལ་གཏམ་བཏང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོན་དེའི་ཐད་བྲེལ་མྱུར་འགུལ་སྐྱོད་སྤེལ་དགོས་པའི་འབོད་སྐུལ་བཏང་། ལཱ་ཏེན་མེ་གླིང་གི་ཞི་བདེའི་ས་ཁུལ་དེར་ཡ་ང་བའི་དཔུང་འཇུག་བྱས་པ་ནི་དཔའ་སྤོབས་ལྡན་པའི་ཝེ་ནེ་ཙུའེ་ལཱ་མི་དམངས་དང་ང་ཚོ་མེ་གླིང་གི་རྒྱལ་ཁབ་དག་ལ་དམིགས་པའི་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ཅིག་རེད་ཟེར།
ཁུ་པཱའི་ཕྱི་འབྲེལ་བློན་ཆེན་ལོ་ཏི་ལི་ཀི་སི་ཡིས་བསྟན་དོན། ཁུ་པཱ་ཡིས་ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱར་དམག་དོན་བཙན་འཛུལ་བྱས་པར་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད། ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱར་དམིགས་པའི་དམག་དོན་འགུལ་སྐྱོད་ནི་ཨ་མེ་རི་ཁ་དང་ཡང་ན་རྒྱལ་ཁབ་གཞན་པར་བཙན་འཛུལ་གཏན་ནས་བྱས་མྱོང་མེད་པའི་རྒྱལ་ཁབ་ལ་དམིགས་ནས་ལག་བསྟར་བྱས་པའི་ཐ་ཤལ་གྱི་བྱ་སྤྱོད་ཅིག་རེད་ཟེར།
ཨུ་རུ་སིའི་གྲོས་ཁང་གོང་མའི་ཀྲུའུ་ཞི་གཞོན་པ་ཁི་སཱ་ཆེ་ཧྥུའུ་ཡིས་དྲ་ཚིགས་བརྒྱུད་ནས་བསྟན་དོན། ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱར་འཇབ་རྒོལ་བྱས་པ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་ལ། གོ་ལ་ཧྲིལ་བོའི་མི་མང་ཆེ་བས་ཁ་རྡུང་ཐེབས་སྲིད། ཝེ་ནེ་ཙུའེ་ལཱ་ཡིས་ཨ་མེ་རི་ཁར་འཇིགས་ཉེན་ཅི་ཡང་བཟོས་མེད་པས། ཨ་མེ་རི་ཁའི་མིག་སྔའི་དམག་དོན་འགུལ་སྐྱོད་ལ་དོན་དངོས་ཀྱི་ཁུངས་ལུང་ཅི་ཡང་མེད་ཟེར། ཁོས་བསྟན་དོན། རྒྱལ་སྤྱིའི་བཅའ་ཁྲིམས་ལ་མངོན་སུམ་འཛེམ་མེད་ཀྱིས་འགལ་ཡོད་པས། གོ་ལ་ཧྲིལ་བོའི་མི་མང་ཆེ་བས་དེར་ཁ་རྡུང་དྲག་པོ་གཏོང་སྲིད་ཟེར།
ཨུ་རུ་སིའི་དཀར་པོའི་སྲིད་འཛིན་གྱི་གསར་འགྱུར་དྲུང་ཡིག་ཨེ་སི་མིན་ཐི་ཡིས་ཚེས3ཉིན་ཨུ་རུ་སི་དཀར་པོའི་རྒྱལ་ཁབ་འཕྲིན་གཏོང་ཁང་ལ་བསྟན་དོན། སྲིད་འཛིན་ལུའུ་ཁཱ་ཧྲིན་ཁི་ཡིས་ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱར་བཙན་འཛུལ་བྱས་པའི་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་ཡོད་ཟེར། ཨེ་སི་མིན་ཐི་ཡིས་བཤད་རྒྱུར། དེའི་སྔོན་ལུའུ་ཁཱ་ཧྲིན་ཁི་ཡིས་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བྱ་སྤྱོད་དེ་ལས་འབྱུང་སྲིད་པའི་མཇུག་འབྲས་བསྟན་ཡོད་པ་དང་། དེ་ནི་ཡོ་ནན་གཉིས་པར་འགྱུར་སྲིད་ལ། དེ་ནི་ཨ་མེ་རི་ཁར་མཚོན་ན་དགོས་མཁོ་མེད་ཟེར།
དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡིས་ཚེས3ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱར་དམག་དོན་འཇབ་རྒོལ་བྱས་པ་དང་། མངོན་སུམ་འཛེམ་མེད་ཀྱིས་ཝེ་ནེ་ཙུའེ་ལཱའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་གནོད་སྐྱེལ་བར་རྒོལ་གཏམ་དྲག་པོ་བཏང་། གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱར་དམག་དོན་འཇབ་རྒོལ་བྱས་པ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་འགལ་ཡོད་པ་མངོན་གསལ་ཡིན་ལ། བཙན་འཛུལ་གྱི་བྱ་སྤྱོད་ཅིག་ཡིན་པར་མ་ཟད། མངོན་སུམ་དུ་ས་ཁུལ་དང་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་གཏོར་བརླག་བཏང་བ་རེད། དབྱི་ལིང་གིས་ཝེ་ནེ་ཙུའེ་ལཱ་ཡིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་སྲུང་སྐྱོབ་བྱེད་པའི་ལུགས་མཐུན་གྱི་ཁེ་དབང་ལ་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་བསྒྲགས་བྱས་པར་མ་ཟད། འབྲེལ་ཡོད་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་འགུལ་སྐྱོད་སྤེལ་ནས་ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱར་ཁྲིམས་འགལ་བཙན་འཛུལ་བྱེད་པར་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།