རྒྱལ་ཁབ་མང་བོའི་འགོ་ཁྲིད་པས་ལོ་གསར་གྱི་རྟེན་འབྲེལ་ཞུ་ཚིག་ཕུལ་ཏེ་ཞི་བདེ་དང་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​2026ལོ་ཚེས་པའི་སྐབས་སུ་རྒྱལ་ཁབ་མང་བོའི་འགོ་ཁྲིད་པས་ལོ་གསར་གྱི་རྟེན་འབྲེལ་ཞུ་ཚིག་སྤེལ་ཏེ། མང་ཚོགས་ཀྱིས་མཐུན་སྒྲིལ་ལ་བརྟེན་ནས་འགྲན་རྩོད་ཐག་གཅོད་བྱེད་པ་དང་། ཞི་བདེ་དང་འཕེལ་རྒྱས་མཉམ་དུ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སིའི་མི་ཚང་མས་རང་གི་བྱ་བ་དང་གྲུབ་འབྲས་ཀྱིས་རྒྱལ་ཁབ་རང་གི་ལོ་རྒྱུས་ཀྱི་ལེའུ་གསར་བ་བྲིས་ཡོད། ཨུ་རུ་སི་བདག་དབང་དང་བདེ་འཇགས། འཕེལ་རྒྱས། མ་འོངས་པ་བཅས་ང་ཚོའི་མཐུན་སྒྲིལ་གྱི་གཏན་འཇགས་རང་བཞིན་ལ་རག་ལས་ཡོད། མ་འོངས་པ་ང་ཚོའི་མདུན་དུ་ཡོད་ལ། མ་འོངས་པ་ཅི་འདྲ་ཞིག་ཡིན་པ་དེ་ཚད་ངེས་ཅན་ཞིག་གི་སྟེང་ནས་ང་ཚོ་རང་ཉིད་ལ་རག་ལས་ཡོད་ཟེར།

ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། ཨུ་རུ་སི་དང་ཝུའུ་ཁི་ལན་འཁྲུག་རྩོད་ཀྱི་གྲོས་ཆོད་འཆར་ཟིན་བརྒྱ་ཆའི་དགུ་བཅུ་ཡོངས་འགྲུབ་བྱས་ཡོད་པ་དང་། ལྷག་འཕྲོའི་བརྒྱ་ཆའི་བཅུ་ཡིས་དོན་དངོས་སུ་ཡོད་ཚད་ཐག་གཅོད་བྱེད་ཐུབ། ཝུའུ་ཁི་ལན་གྱིས་ཞི་བདེ་མངོན་འགྱུར་བྱེད་ཆེད་རིན་དོད་ཆེན་པོ་གཏོང་མི་སྲིད་ལ། ཁོས་ཀྱང་ནུས་མེད་ཀྱི་ཞི་བདེའི་གྲོས་མཐུན་འགོད་མི་སྲིད་ཟེར། ཁོས་བཤད་རྒྱུར། ཝུའུ་ཁི་ལན་གྱི་མི་ངལ་དུབ་ཀྱིས་མནར་བཞིན་ཡོད་ཀྱང་། ཝུའུ་ཁི་ལན་གྱི་མིས་རེ་བ་བསྐྱུར་མི་སྲིད་ཟེར།

ཧྥ་རན་སིའི་སྲིད་འཛིན་མཱ་ཁི་ལུང་གིས་བསྟན་དོན། ལོ་གསར་བའི་ནང་། སྐབས་རྗེས་མའི་སྲིད་འཛིན་འདེམ་བསྐོའི་འགྲན་རྩོད་བྱ་འགུལ་རིམ་བཞིན་སྤེལ་རྒྱུ་ཡིན་པ་དང་། ངས་འགན་ཡུན་ལོངས་རག་བར་དུ་བྱ་བ་བསྒྲུབ་རྒྱུ་ཡིན་ཟེར། མཱ་ཁི་ལུང་གིས་ཞུ་ཚིག་འབུལ་སྐབས་ལོ་གསར་བའི་སྨོན་འདུན་གསུམ་བཏོན་ཡོད་དེ། གཅིག་ནི་རྒྱལ་ཁབ་མཐུན་སྒྲིལ་ཡོང་བ་དང་། གཉིས་ནི་ཡོ་རོབ་གླིང་སྟོབས་ལྡན་རང་བདག་ཡོང་བ། གསུམ་ནི་མི་དམངས་ཀྱི་རེ་བ་དོན་སྨོན་ཡོང་བཅས་རེད། ཁོས་སྟོབས་ལྡན་དང་རང་བདག་གི་ཡོ་རོབ་གླིང་འཛུགས་སྐྲུན་བྱེད་དགོས་པ་དང་། བསྟུད་མར་ཡོ་རོབ་གླིང་གི་འགོག་སྲུང་དང་བདེ་འཇགས་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་དགོས་ལ། ཡོ་རོབ་གླིང་གི་བཟོ་ལས་དང་ཞིང་ལས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱས་ཏེ། ཡོ་རོབ་གླིང་གི་མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་འགྲན་རྩོད་ནུས་པ་ཇེ་དྲག་ཏུ་གཏོང་དགོས་པའི་འབོད་སྐུལ་བཏང་།

འཇར་མན་གྱི་ཙུང་ལི་མའོ་ཚི་ཡིས་བསྟན་དོན། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་དང་སྲུང་སྐྱོབ་རིང་ལུགས་མགོ་འབུས་བྱེད་པ་སོགས་ཀྱི་འགྲན་རྩོད་མདུན་ནས། ཡོ་རོབ་གླིང་གིས་ངེས་པར་དུ་རང་ཉིད་ལ་བརྟེན་ནས་རང་སྟེང་གི་ཁེ་ཕན་ལ་སྔར་ལས་སྲུང་སྐྱོབ་བྱེད་དགོས། དེ་བས་འཇར་མན་གྱིས་ངེས་པར་དུ་ཟིལ་ཤུགས་ཇེ་དྲག་ཏུ་བཏང་སྟེ། རང་སྲུང་བྱེད་པའི་ནུས་པ་ཡོད་པར་བྱེད་དགོས་ཟེར། མའོ་ཚི་ཡིས་བཤད་རྒྱུར། 2026ལོ་ནི་འཇར་མན་དང་ཡོ་རོབ་གླིང་ལ་མཚོན་ན་ཐག་གཅོད་རང་བཞིན་ལྡན་པའི་ལོ་ཞིག་ཡིན་ཡང་སྲིད། འཇར་མན་དང་ཡོ་རོབ་གླིང་གིས་སྟོབས་ཤུགས་གསར་བར་བརྟེན་ནས། ལོ་ངོ་བཅུ་ཕྲག་འགའི་ཞི་བདེ་དང་རང་དབང་། དར་རྒྱས་བཅས་རྒྱུན་འཛིན་བྱེད་དགོས་ཟེར།

ཅི་ཨར་ཅི་སི་སི་ཐན་གྱི་སྲིད་འཛིན་ཀྲ་ཕཱ་ལོ་ཧྥུའུ་ཡིས་བཤད་རྒྱུར། 2025ལོར་ཅིར་ཅི་སི་སི་ཐན་གྱི་རྒྱལ་སྤྱིའི་སྙན་གྲགས་སྔར་ལས་ཇེ་ཆེར་སོང་བ་དང་། གཏན་འཇགས་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་གོམ་སྟབས་བརྟན་པོས་བསྐྱོད། ཅིར་ཅི་སི་སི་ཐན་གྱིས2030ལོའི་བར་གྱི་རྒྱལ་ཁབ་འཕེལ་རྒྱས་འཆར་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཤིང་། དེང་རབས་ཅན་གྱི་དཔལ་འབྱོར་འཕར་སྣོན་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ཏེ། གསར་གཏོད་བྱེད་ཐབས་ལག་བསྟར་བྱས་ནས་རྒྱལ་ཁབ་ཀྱི་དུས་ཡུན་རིང་བོའི་འཕེལ་རྒྱས་ཐད་ཁོར་ཡུག་བཟང་བོ་བསྐྲུན་རྒྱུ་ཡིན་ཟེར།

ཁོ་ཐི་ཏིས་ཝའི་སྲིད་འཛིན་ཝ་ཐཱ་ལཱ་ཡིས་མུ་མཐུད་དུ་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། གཙོ་བོ་གཞུང་ལམ་དང་ལྕགས་ལམ། ནུས་ཁུངས། ཆུ་བེད་སོགས་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན་ལ། དེའི་ཞོར་དུ་བཟོ་ལས་ཅན་དང་ཞིང་ལས་བཟོ་ལས་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་བཏང་སྟེ། ཐོན་རྫས་ཀྱི་ཟུར་སྣོན་རིན་གོང་ཇེ་མཐོར་གཏོང་བ་དང་། སྔར་ལས་མང་བའི་ལས་ཞུགས་ལས་གནས་གསར་བསྐྲུན་བྱས་ནས་ཞབས་ཞུ་ཅན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།