
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང་རྒྱལ་སྤྱིའི་རྩ་འཛུགས་མང་བོས2025ལོའི་ཟླ12པའི་ཚེས31ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་རྒྱལ་སྤྱིའི་རོགས་སྐྱོར་རྩ་འཛུགས་ཀྱི་ཅཱ་ཧྲ་ས་ཁུལ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་བྱ་འགུལ་ཐད་ཀྱི་བཀག་སྡོམ་བཀའ་རྒྱ་མེད་པར་གཏོང་དགོས་པའི་རེ་བ་བཏོན།
གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་སྤྱིའི་རོགས་སྐྱོར་རྩ་འཛུགས་ཀྱིས་ཅཱ་ཧྲ་ས་ཁུལ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་མི་ཆོས་རིང་ལུགས་ཀྱི་འགུལ་སྐྱོད་ཁྲོད་ནུས་པ་གལ་ཆེན་བཏོན་ཡོད་ལ། ལོ་རེར་མེ་སྒོར་ཐེར་འབུམ་གཅིག་ཙམ་གྱི་རོགས་སྐྱོར་འདོན་སྤྲོད་བྱེད་བཞིན་ཡོད། ཁྱད་པར་དུ་ཅཱ་ཧྲ་ས་ཁུལ་དུ་འབྲུ་རིགས་བདེ་འཇགས་ཀྱི་གནས་བབ་སྔར་བཞིན་ཛ་དྲག་ཡིན་ལ། རྒྱལ་སྤྱིའི་རོགས་སྐྱོར་རྩ་འཛུགས་ཀྱི་འགུལ་སྐྱོད་གཏན་འགོག་བྱས་ན། འཁྲུག་རྩོད་མཚམས་འཇོག་པའི་སྐབས་སུ་བླངས་པའི་གྲུབ་འབྲས་ལ་གཏོར་བརླག་ཐེབས་སྲིད་པ་དང་། གནོད་པ་ཐེབས་སླ་བའི་མང་ཚོགས་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་སྲིད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཐད་ཆ་རྐྱེན་དང་ཆབ་སྲིད་ཀྱི་དམིགས་བྱ་གང་ཡང་ཟུར་སྣོན་བྱེད་མི་རུང་། དེ་ནི་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཁྲིམས་སྲོལ་ལས་གཏན་འཁེལ་བྱས་པའི་བཅའ་ཁྲིམས་འོས་འགན་ཡིན་པ་དང་། འགྲོ་མིའི་ཐོབ་ཐང་ལ་འགན་སྲུང་བྱེད་པའི་གཞི་རྩའི་སྔོན་འགྲོའང་ཡིན་ཟེར།
ཐུན་མོང་གསལ་སྒྲོག་བཀོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པའམ་བྲེལ་མྱུར་རོགས་སྐྱོར་མཐུན་སྦྱོར་བ་ཐང་མུའུ་ཧྥོ་ལའེ་ཁྲེ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཆུས་ཏུང་ཡུས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་དོན་པ་ཐུའུ་ཨར་ཁི། མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཁང་གི་འགོ་བ་ཏི་ཁི་ལོ། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པའི་ལག་བསྟར་ཀྲུའུ་རེན་ལཱ་སེ་ཨར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པའམ་བུད་མེད་ལས་དོན་ཁང་གི་ལག་བསྟར་ཀྲུའུ་རེན་པཱ་ཧུའུ་སི། རྒྱལ་སྤྱིའི་གནས་སྤོར་སྡོད་དམངས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་པའོ་ཕུའུ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་བཅས་འདུས།
བསོད་ནམས་ཚེ་རིང་གིས་བསྒྱུར།