
པའོ་ཧེའི་ཕྱི་རྒྱལ་བའི་ལས་དོན་ཅུས་ཀྱི་ཅུས་ཀྲང་ལཱ་ཁའེ་ཐཱ་ཡིས2025ལོའི་ཟླ12པའི་ཚེས31ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། པའོ་ཧེ་དང་ཀྲུང་གོས་ལམ་ཡིག་མེད་པར་གཏོང་བའི་སྲིད་ཇུས་ལག་བསྟར་བྱས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་རིག་གཞུང་། ཡུལ་སྐོར་བཅས་ཁྱབ་ཁོངས་ཀྱི་མི་སྣའི་འགྲོ་འོང་ལ་སྐུལ་འདེད་བཏང་བ་དང་། ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་བཏང་ཡོད་ཟེར།
ལཱ་ཁའེ་ཐཱ་ཡིས་གསར་འགོད་པར་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ་པའོ་ཧེ་རུ་ཡོང་བའི་ཀྲུང་གོའི་ཡུལ་སྐོར་བའི་ཁ་གྲངས་ཇེ་མང་དུ་སོང་ནས། པའོ་ཧེའི་ཡུལ་སྐོར་ལས་རིགས་ཐད་འདེགས་སྐྱོར་བཟང་བོ་འདོན་སྤྲོད་བྱས་ཡོད་ཟེར། ཁོས་བཤད་རྒྱུར། པའོ་ཧེའི་བསྡོམས་རྩིས་གཞི་གྲངས་ལས་མངོན་པ་ལྟར་ན། 2025ལོའི་སྔོན་གྱི་ཟླ་ངོ་བཅུའི་ནང་། པའོ་ཧེ་རུ་ཡོང་བའི་ཀྲུང་གོའི་ཡུལ་སྐོར་བའི་ཁ་གྲངས2024ལོའི་ལོ་ཧྲིལ་བོའི་ཆུ་ཚད་ལས་རིང་དུ་བརྒལ་ཡོད་ཟེར།
ལཱ་ཁའེ་ཐཱ་ཡིས་བསྟན་དོན། ལམ་ཡིག་མེད་པར་མ་བཏང་གོང་། པའོ་ཧེའི་མང་ཚོགས་ཀྱིས་ཀྲུང་གོ་ནི་རྒྱང་ཐག་རིང་བའི་གནས་ཤིག་ཏུ་བསམ་ཡོད་ཀྱང་། ད་ལྟ་ལམ་ཡིག་མེད་པར་གཏོང་བའི་སྲིད་ཇུས་ལག་བསྟར་བྱས་ནས་ལོ་མང་བོ་འགོར་བ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་སོང་བ་ལས། དཔལ་འབྱོར་ཉོ་ཚོང་དང་རིག་གཞུང་སོགས་རིམ་པ་ལས་ཀྲུང་གོའི་བར་གྱི་བར་ཐག་ཇེ་ཉེར་སོང་ཡོད་པར་བསམ་བཞིན་ཡོད། ཡུལ་སྐོར་དང་བྱ་བ། སློབ་གསོ། བརྗེ་རེས་སོགས་བརྒྱུད་དེ་ཕྱོགས་གཉིས་ཀྱི་མང་ཚོགས་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་སོང་བ་དང་ཕྱོགས་རིས་ཀྱི་ལྟ་སྟངས་མེད་ལ། ཕན་ཚུན་བརྩི་འཇོག་དང་རྒྱུས་ལོན་ལ་སྐུལ་འདེད་བཏང་བས། རྒྱལ་ཁབ་གཉིས་བར་གྱི་འབྲེལ་འདྲིས་ཇེ་ཟབ་ཏུ་སོང་བར་མ་ཟད་མང་ཚོགས་བར་དུའང་མཛའ་བརྩེའི་འབྲེལ་ཟམ་བཙུགས་ཡོད་ཟེར།
2018ལོའི་ཟླ5བར། ཀྲུང་གོ་དང་པའོ་ཧེ་ཡིས་མང་ཚོགས་ཀྱི་ལམ་ཡིག་མེད་པར་གཏོང་བའི་གྲོས་ཆོད་དངོས་སུ་ནུས་ལྡན་དུ་གྱུར་བ་རེད།
ལཱ་ཁའེ་ཐཱ་ཡིས་ཀྲུང་གོས་བསྟུད་མར་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་བྱས་པ་དང་། ཁྱད་པར་དུ་ལམ་ཡིག་མེད་པར་བཏང་ནས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུ་སྤེལ་བ་སོགས་ཀྱི་བྱེད་ཐབས་བཏོན་པར་གདེང་འཇོག་ཆེན་པོ་བྱས། ལཱ་ཁའེ་ཐཱ་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་བྱེད་ཐབས་ལས་འཛམ་གླིང་ལ་ཕན་པའི་བརྡ་གསལ་བོ་བཏང་སྟེ། གོ་ལ་ཧྲིལ་བོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཐད་གོ་སྐབས་སྔར་ལས་མང་བོ་བསྐྲུན་ཡོད་ཟེར།
ལཱ་ཁའེ་ཐཱ་ཡིས་བསྟན་དོན། མ་འོངས་པར་རྒྱང་བལྟ་བྱས་ན། པའོ་ཧེ་དང་ཀྲུང་གོའི་དཔལ་འབྱོར་དང་སློབ་གསོ། རིག་གནས། མི་སྣའི་འགྲོ་འོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བསྟུད་མར་ཇེ་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་དུས་ཡུན་རིང་བོའི་མཛའ་བརྩེ་ལ་རྨང་གཞི་སྔར་ལས་བརྟན་པོ་འདིང་བར་རེ་སྒུག་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།