ཡེ་མིན་སྲིད་གཞུང་གིས་ཡཱ་ཏེན་རྒྱལ་སྤྱིའི་གནམ་གྲུ་ཐང་ལ་བཀག་འགོག་བྱེད་ཐབས་ལག་བསྟར་བྱས་པ་ཁྱབ་བསྒྲགས་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​ཡེ་མིན་སྲིད་གཞུང་གིས་ཟླ་དང་པོའི་ཚེས་གཅིག་ཉིན་ཁྱབ་བསྒྲགས་བྱས་དོན། དེའི་སྔོན་ཁྱབ་བསྒྲགས་བྱས་པའི་བྲེལ་མྱུར་རྣམ་པ་གཞིར་བཟུང་ནས། ཡཱ་ཏེན་རྒྱལ་སྤྱིའི་གནམ་གྲུ་ཐང་གི་རྒྱལ་སྤྱིའི་གནམ་གྲུ་གཏོང་ཐེངས་སྐོར་ཞིག་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པ་དང་། ཞོར་དུ་ཡེ་མིན་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གིས་གནམ་གྲུ་ཐང་དེར་འགྲོ་འོང་བྱེད་པའི་གནམ་གྲུ་ཚང་མ་གཏོང་མཚམས་བཞག་པར་སྐྱོན་འཛུགས་བྱས།

སྲིད་གཞུང་གི་གནས་ཚུལ་ཤེས་མཁན་ཞིག་གིས་བཤད་རྒྱུར། སོ་ཏི་ཨ་རབ་གཙོ་བྱས་པའི་ཨ་རབ་མནའ་འབྲེལ་དམག་དཔུང་བར་མཐུན་སྦྱོར་བྱས་པ་བརྒྱུད། དཔོན་ཕྱོགས་ཀྱི་མཁའ་འགྲུལ་དབང་འཛིན་ལས་ཁུངས་ཀྱིས་རྒྱལ་སྤྱིའི་གནམ་གྲུ་གཏོང་ཐེངས་སྐོར་ཞིག་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པ་དང་། བྱ་སྤྱོད་དེའི་དམིགས་ཡུལ་ནི་གནས་བབ་ཞི་འཇགས་སུ་གཏོང་བ་དང་། བྲེལ་མྱུར་རྣམ་པ་དང་ཆོག་མཆན་ཐོབ་པའི་ཞིབ་བཤེར་རྐྱེན་སྲོལ་ལ་འཚམ་པར་མ་ཟད། རྒྱལ་སྤྱིའི་མཁའ་འགྲུལ་བཅའ་ཁྲིམས་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་རེ་བ་དང་ཡང་འཚམ་ཟེར།

གནས་ཚུལ་ཤེས་མཁན་དེས་ཡེ་མིན་སྲིད་གཞུང་གིས་བཀའ་རྒྱ་བཏང་སྟེ་ཡཱ་ཏེན་རྒྱལ་སྤྱིའི་གནམ་གྲུ་ཐང་གི་སྒོ་བརྒྱག་ཏུ་བཅུག་པའི་འབྲེལ་ཡོད་གནས་ཚུལ་དེ་ཁས་ལེན་མ་བྱས་པ་དང་། སྲིད་གཞུང་གིས་གནམ་གྲུ་ཐང་སྒོ་བརྒྱག་པའི་བཀའ་རྒྱ་སྤེལ་མེད་པ་ལ། ཨ་རབ་ཀྱི་མནའ་འབྲེལ་དམག་དཔུང་གིས་ཀྱང་རིགས་དེ་མཚུངས་ཀྱི་ཆོད་དོན་སྤེལ་མེད་པ་ནན་བཤད་བྱས་པར་མ་ཟད། ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གིས་གནམ་གྲུ་ཐང་གི་སྒོ་བརྒྱབ་པ་ལས་བྱུང་བའི་མཇུག་འབྲས་ལ་འགན་ཁུར་དགོས་པའི་ཚུལ་བསྟན།

ཉིན་དེའི་སྔ་དྲོར། ཡཱ་ཏེན་རྒྱལ་སྤྱིའི་གནམ་གྲུ་ཐང་འབྲེལ་ཡོད་མི་སྣ་ཞིག་གིས་གསར་འགོད་པར་བཤད་རྒྱུར། ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་ལ་བློ་དཀར་བའི་འགྲིམ་འགྲུལ་པུའུ་ཡིས་བཀའ་རྒྱ་བཏང་སྟེ་གནམ་གྲུ་ཐང་དེའི་གནམ་གྲུ་ཚང་མ་གཏོང་མཚམས་བཞག་པ་རེད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ཡཱ་ཏེན་རྒྱལ་སྤྱིའི་གནམ་གྲུ་ཐང་ནི་ཡེ་མིན་མངའ་ཁོངས་སུ་ཉེ་སྔོན་ལས་གཉེར་བྱེད་པའི་གནམ་གྲུ་ཐང་གཅིག་པུ་ཡིན་ལ། ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གིས་ཚོད་འཛིན་བྱས་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།