
ཨ་མེ་རི་ཁའི་ཆབ་སྲིད་ཚགས་པར་དྲ་ཚིགས་ཀྱིས་ཚེས3ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཨ་མེ་རི་ཁའི་རྡོ་སྣུམ་ཀུང་ཟི་སོ་སོས་ཝེ་ནེ་ཙུའེ་ལཱར་མ་དངུལ་མང་བོ་བཏང་སྟེ། ཝེ་ནེ་ཙུའེ་ལཱའི་མ་བཅོས་རྡོ་སྣུམ་སྔོག་འདོན་བྱེད་པའི་རྨང་གཞིའི་སྒྲིག་ཆས་ཞིག་གསོ་བྱེད་དགོས་པའི་རེ་བ་བཏོན།
བསྒྲགས་པ་ལྟར་ན། ཉེ་བའི་གཟའ་འཁོར་འགའི་ནང་ཨ་མེ་རི་ཁའི་རྡོ་སྣུམ་ཁེ་ལས་ཀྱི་མཐོ་རིམ་དཔོན་པོ་དག་ལ། གལ་ཏེ་ཁོ་ཚོས་ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་གིས་གཞུང་བཞེས་བྱས་པའི་གཏེར་ཁྲོན་སྟེགས་བུ་དང་སྦུག་ལམ། དེ་མིན་རྒྱུ་ནོར་གཞན་པར་སྐྱིན་ཚབ་ཐོབ་འདོད་ན། ངེས་པར་དུ་ཡང་བསྐྱར་ཝེ་ནེ་ཙུའེ་ལཱར་ལོག་ནས་དངུལ་གཏོང་གཞི་རྒྱ་ཇེ་ཆེར་བཏང་སྟེ། གནོད་པ་ཚབས་ཆེན་ཐེབས་པའི་རྡོ་སྣུམ་ཐོན་ལས་དར་སྤེལ་གཏོང་བར་གྲ་སྒྲིག་བྱེད་དགོས་པའི་བརྡ་བཏང་ཡོད་ཟེར།
ལས་རིགས་དེའི་མི་སྣ་དག་གིས་སྲིད་གཞུང་གི་རེ་བ་དེར་སེམས་ཆུང་གི་རྣམ་འགྱུར་བཟུང་ཡོད་ཅིང་། ཁོ་ཚོས་ཝེ་ནེ་ཙུའེ་ལཱའི་ཕམ་ཉེས་སུ་སོང་བའི་སྣུམ་ཞིང་གི་མདུན་ལྗོངས་བཟང་མི་སྲིད་པ་དང་། མ་འོངས་པའི་དུས་སྐབས་ཤིག་གི་ནང་ཝེ་ནེ་ཙུའེ་ལཱའི་ཆབ་སྲིད་གནས་བབ་ཀྱང་གསལ་བོ་མིན་པར་སེམས་ཁུར་བྱེད་བཞིན་ཡོད།
ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས3ཉིན་ཧྥོ་ལོ་ལི་ཏཱ་མངའ་སྡེའི་ཧེ་ཧུའུ་གཞིས་ཀ་ནས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཨ་མེ་རི་ཁའི་རྡོ་སྣུམ་ཀུང་ཟི་ཆེན་མོ་དག་ཝེ་ནེ་ཙུའེ་ལཱར་འགྲོ་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། ཨ་མེ་རི་ཁའི་གཞི་རྒྱ་ཆེ་བའི་རྡོ་སྣུམ་ཁེ་ལས་དག་གིས་མེ་སྒོར་དུང་ཕྱུར་མང་བོའི་མ་དངུལ་གཏོང་དུ་བཅུག་ནས། ཝེ་ནེ་ཙུའེ་ལཱའི་ཕམ་ཉེས་སུ་སོང་བའི་རྡོ་སྣུམ་གྱི་རྨང་གཞིའི་སྒྲིག་ཆས་ཞིག་གསོ་བྱས་ཏེ་ཨ་མེ་རི་ཁར་ཁེ་ཕན་བསྐྲུན་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།