ཞི་ལཱའི་ས་ཁུལ་མང་བོར་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ་ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱར་དམག་དོན་ཆམ་ཕབ་བཏང་བར་ངོ་རྒོལ་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​ཞི་ལཱའི་རྒྱལ་ས་ཡཱ་ཏེན་དང་གྲོང་ཁྱེར་མང་བོ་ནས་ཚེས3ཉིན་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ་ཏེ། ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱར་དམག་དོན་ཆམ་ཕབ་བཏང་བར་ངོ་རྒོལ་བྱས་པ་དང་། བྱ་སྤྱོད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་པར་མ་ཟད་ཝེ་ནེ་ཙུའེ་ལཱའི་བདག་དབང་ལ་གནོད་པ་བཟོས་པར་རྒོལ་གཏམ་བཏང་།

ཐེངས་འདིའི་ངོ་རྒོལ་བྱ་འགུལ་ནི་ཞི་ལཱ་གུང་ཁྲན་ཏང་དང་གཡོན་ཕྱོགས་རྩ་འཛུགས་གཞན་པས་སྤེལ་བ་ཡིན་ལ། སློབ་མའི་ཚོགས་པ་དང་ངལ་རྩོལ་བཟོ་བའི་རྩ་འཛུགས་ཀྱི་ཁོངས་མི་སོགས་མི་སྟོང་ཕྲག་འགའ་བྱ་འགུལ་དེར་ཞུགས་ཡོད། ཡཱ་ཏེན་ནས་རྔམ་སྟོན་ཁྲོམ་སྐོར་མཁན་དག་ཞི་ལཱ་རུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་དུ་སོང་ནས། ང་ཚོ་ཚང་མ་ཝེ་ནེ་ཙུའེ་ལཱའི་མི་ཡིན་ཞེས་པ་སོགས་ཀྱི་ཁ་གཡང་མཐོན་པོར་བསྒྲགས། གྲོང་ཁྱེར་ཆེན་མོ་གཉིས་པ་སེ་སཱ་ལོ་ནེ་ཅི་ནས་ངོ་རྒོལ་མཁན་དག་ཨ་མེ་རི་ཁའི་དོན་གཅོད་ཁང་གི་མདུན་དུ་འདུས་ཡོད། དེ་ལས་གཞན་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་དེ་ད་རུང་ནུབ་ཕྱོགས་ཀྱི་ཕཱ་ཐི་ལོས་གྲོང་ཁྱེར་དང་ལྷོ་ཕྱོགས་ཀྱི་ཁི་ལི་ཐི་གླིང་ཕྲན་གྱི་ལྟེ་གནས་གྲོང་ཁྱེར་དབྱི་ལཱ་ཁི་ལེ་ཝུན་སོགས་ས་ཁུལ་མང་བོར་ཡང་སྤེལ།

ཞི་ལཱའི་རྔམ་སྟོན་ཁྲོམ་སྐོར་མཁན་གྱིས་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཝེ་ནེ་ཙུའེ་ལཱའི་ནང་སྲིད་ལ་ཐེ་གཏོགས་བྱས་པར་ངོ་རྒོལ་བྱས་པ་དང་། དམག་དོན་འགུལ་སྐྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་། ཁོ་ཚོས་ད་རུང་ཨ་མེ་རི་ཁས་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་སྤེལ་བར་སྐྱོན་བརྗོད་བྱས་པ་དང་། ཨ་མེ་རི་ཁས་ལཱ་ཏེན་མེ་གླིང་ནས་ས་ཁུལ་ཆབ་སྲིད་དང་དཔལ་འབྱོར་ཁེ་ཕན་འཚོལ་བསྙེག་བྱས་པར་སྐྱོན་འཛུགས་བྱས།

ཞི་ལཱའི་ཕྱི་འབྲེལ་པུའུ་ཡིས་ཚེས3ཉིན་དྲ་ཐོག་ཏུ་གསལ་སྒྲོག་སྤེལ་ཏེ། མུ་མཐུད་དུ་ཝེ་ནེ་ཙུའེ་ལཱའི་གནས་བབ་ལ་དོ་སྣང་བྱེད་རྒྱུ་ཡིན་པ་དང་། ཝེ་ནེ་ཙུའེ་ལཱ་རུ་སྡོད་པའི་ཞི་ལཱའི་གཞུང་ཚབ་ཁང་གིས་དུས་ངེས་མེད་དུ་ས་དེའི་ཕྱི་སྡོད་རང་མིར་རོགས་སྐྱོར་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།