སུའེ་ཙེར་གྱིས་ཝ་ལའེ་མངའ་སྡེའི་མེ་སྐྱོན་ཁྲོད་ཀྱི་འདས་པོར་མྱ་ངན་ཞུ་བའི་མཛད་སྒོ་སྤེལ།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​སུའེ་ཙེར་གྱི་ཝ་ལའེ་མངའ་སྡེའི་ཁི་ལིང་མིན་ཏཱ་ནཱ་གྲོང་རྡལ་དུ་ཚེས4ཉིན་མྱ་ངན་ཞུ་བའི་མཛད་སྒོ་སྤེལ་ནས། ཝ་ལའེ་མངའ་སྡེའི་མེ་སྐྱོན་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་ལ་མྱ་ངན་ཞུས། འདས་པོའི་ཁྱིམ་མི་དང་གནོད་ཐེབས་མང་ཚོགས་ཚང་མར་འཚམས་འདྲི་བྱས།

ཝ་ལའེ་མངའ་སྡེའི་གྲོས་མི། མངའ་སྡེའི་ཉེན་རྟོག་ཅུས་ཀྲང་ཅི་སི་ལེ་དང་མངའ་སྡེའི་ཞིབ་དཔྱོད་དཔོན་པོ་ཕིས་ཡུག དེ་མིན་སུའེ་ཙེར་དུ་སྡོད་པའི་དབྱི་ཐཱ་ལེའི་གཞུང་ཚབ་པ་དང་ས་གནས་མང་ཚོགས་སོགས་མི300ཙམ་ཆོས་ཁང་དུ་སྤེལ་བའི་མྱ་ངན་ཞུ་བའི་མཛད་སྒོར་ཞུགས། གཞན་ཡང་མི་མང་བོ་ཆོས་ཁང་གི་མདུན་དུ་འདུས་ནས་ཕྱི་རོལ་ནས་མཛད་སྒོ་དེར་བལྟས།

སུའེ་ཙེར་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། མཛད་སྒོ་མཇུག་སྒྲིལ་རྗེས། མི་རྣམས་ཆོས་ཁང་ནས་མེ་སྐྱོན་བྱུང་སའི་ཡུལ་དངོས་སུ་སོང་ནས་མྱ་ངན་ཞུས་པ་དང་། ན་གཞོན་མང་བོས་མེ་ཏོག་དང་རྩེད་སྤྱད་ཕུལ་བར་མ་ཟད། མྱ་ངན་ཞུ་ཡིག་བྲིས།

ཁི་ལིང་མིན་ཏཱ་ནཱ་གྲོང་རྡལ་གྱི་སྐར་མའི་ཁྱིམ་ཞེས་པའི་ཆང་ཁང་ཞིག་ཏུ་ཚེས1ཉིན་གྱི་ཞོགས་པར་མེ་སྐྱོན་ཚབས་ཆེན་བྱུང་སྟེ། མི40རྐྱེན་ལམ་དུ་ཤོར་བ་དང་། མི119ལ་རྨས་ཕོག འདས་པོ40ཁྲོད་དུ་མི24ཐོབ་ཐང་ངོས་འཛིན་བྱས་ཡོད། ས་གནས་ཞིབ་དཔྱོད་ཁང་གིས་བཤད་རྒྱུར། སྣང་ཚུལ་མང་བོ་ནས་མངོན་པ་ལྟར་ན་མེ་སྐྱོན་དེ་ནི་མངར་ཆང་དམ་བུའི་སྟེང་དུ་བཞག་པའི་ཤོག་སྦག་ལས་བྱུང་བ་རེད་ཟེར། མེ་སྐྱོན་བྱུང་རྗེས། ས་དེའི་མང་ཚོགས་ཀྱིས་ཆང་ཁང་གི་མེ་གསོད་བདེ་འཇགས་བྱེད་ཐབས་ལ་དོགས་པ་ཟ་བཞིན་ཡོད། མིག་སྔར་སུའེ་ཙེར་ཞིབ་དཔྱོད་ཕྱོགས་ཀྱིས་ཉེས་དོན་རྟོག་ཞིབ་སྤེལ་མགོ་བརྩམས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།