
འཇར་མན་གྱི་ཙུང་ལི་གཞོན་པའམ་ནོར་སྲིད་བློན་ཆེན། སྤྱི་ཚོགས་དམངས་གཙོ་ཏང་གི་མཉམ་འབྲེལ་ཀྲུའུ་ཞི་ཁི་ལིན་པེད་ཨར་གྱིས་ཚེས4ཉིན་བཤད་རྒྱུར། ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱར་ཐེ་གཏོགས་བྱས་པར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ཟེར།
ཁི་ལིན་པེད་ཨར་གྱིས་བཤད་རྒྱུར། ཝེ་ནེ་ཙུའེ་ལཱ་རྒྱལ་ནང་གི་གནས་ཚུལ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་སྣང་མེད་དུ་བསྐྱུར་བའི་རྒྱུ་མཚན་དུ་འགྱུར་མི་རུང་ལ། རྒྱལ་སྤྱིའི་བཅའ་ཁྲིམས་ངེས་པར་དུ་བརྩི་སྲུང་བྱེད་དགོས། དེ་ཨ་མེ་རི་ཁ་ཕྱོགས་ཀྱི་འགུལ་སྐྱོད་ལ་འཚམ་པ་ཡིན་ཟེར།
ཁི་ལིན་པེད་ཨར་གྱིས་བསྟན་དོན། ངེས་པར་དུ་གནས་བབ་ཛ་དྲག་ཏུ་འགྲོ་བར་སྔོན་འགོག་བྱེད་དགོས་པ་དང་། འབྲེལ་ཡོད་ཕྱོགས་སོ་སོས་ཝེ་ནེ་ཙུའེ་ལཱའི་དམངས་གཙོ་ཞི་བདེའི་བར་བརྒལ་གྱི་ལམ་འཚོལ་དགོས་ཟེར། ཁོས་བཤད་རྒྱུར། ཝེ་ནེ་ཙུའེ་ལཱའི་མི་དམངས་ཀྱིས་ད་གཟོད་རང་ཉིད་ཀྱི་མ་འོངས་པར་ཐག་གཅོད་བྱས་ཆོག་ཟེར།
འཇར་མན་གྱི་ཙུང་ལི་མའོ་ཚི་ཡིས་ཚེས3ཉིན་དྲ་ཚིགས་བརྒྱུད་དེ་བསྟན་དོན། ཨ་མེ་རི་ཁའི་ཐེ་གཏོགས་ཐད་ཀྱི་བཅའ་ཁྲིམས་དཔྱད་འཇོག་ནི་རྙོག་འཛིང་ལྡན་པ་ཞིག་ཡིན་ལ། ཞིབ་ཏུ་བསམ་བློ་གཏོང་དགོས་པ་དང་། རྒྱལ་སྤྱིའི་བཅར་ཁྲིམས་ནི་སྔར་བཞིན་མཛུབ་སྟོན་སྒྲོམ་གཞི་ཡིན། མིག་སྔའི་དུས་རིམ་ནང་ངེས་པར་དུ་ཝེ་ནེ་ཙུའེ་ལཱའི་ཆབ་སྲིད་ཟང་ཟིང་དུ་འགྱུར་བར་སྔོན་འགོག་བྱེད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།