
དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས4ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ན་ནིང་ལོ་མཇུག་ཏུ་ཨ་མེ་རི་ཁར་འཚམས་འདྲི་བྱེད་སྐབས་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་དང་མཉམ་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། ཕྱོགས་གཉིས་ཀྱིས་དབྱི་ལིང་གིས་ཉིང་རྡུལ་ནུས་པའི་བྱ་འགུལ་ཡོད་ཚད་བསྐྱུར་བའི་རེ་བ་འདོན་པའི་ལངས་ཕྱོགས་བསྐྱར་བསྒྲགས་བྱས།
གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་ཐུན་མོང་གི་ལངས་ཕྱོགས་བསྐྱར་བསྒྲགས་བྱས་པ་སྟེ། དབྱི་ལིང་གིས་ཉིང་རྡུལ་ནུས་པའི་བྱ་འགུལ་ཡོད་ཚད་བསྐྱུར་དགོས་པའི་རེ་བ་བཏོན་ཡོད་ཟེར། ཕྱོགས་གཉིས་ཀྱིས་ད་རུང་བསྐྱར་བསྒྲགས་བྱས་དོན། དབྱི་ལིང་གིས་ངེས་པར་དུ་ཉིང་རྡུལ་ནུས་པའི་གྲུབ་འབྲས་མེད་པར་གཏོང་དགོས་པ་དང་། དབྱི་ལིང་གི་འབྲེལ་ཡོད་སྒྲིགཆས་ལ་ལྟ་རྟོག་དོ་དམ་ནན་མོ་བྱེད་དགོས་ཟེར། གསལ་སྒྲོག་ལས་བཤད་རྒྱུར། དབྱི་ལིང་གི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་མ་བྱུང་གོང་གནས་ཚུལ་དེ་དག་ལ་གྲོས་བསྡུར་བྱས་ཡོད་ཟེར།
གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཐི་ལིང་ཕུའུ་ཡི་ཅཱ་ཧྲ་ས་ཁུལ་ལ་དམིགས་པའི་ལངས་ཕྱོགས་ཧ་ཅང་མངོན་གསལ་ཡིན་པ་དང་། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་དྲག་ཆས་མེད་པར་བཟོ་བ་ལས་གདམ་གསེས་གཞན་པ་མེད་ལ། དེ་ནི་ཐི་ལིང་ཕུའུ་ཡི་འཆར་གཞི་ཉི་ཤུ་པ་ལག་བསྟར་ཐུབ་པའི་དགོས་ངེས་ཀྱི་གཞི་རྩའི་ཆ་རྐྱེན་ཡིན། ཨ་མེ་རི་ཁས་གནད་དོན་དེའི་ཐད་ནས་ཀུ་ཡངས་གཏན་ནས་བྱས་མེད་ལ། བབ་བསྟུན་གྱི་རྣམ་འགྱུར་ཀྱང་གང་ཡང་བྱས་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།