
ཡོ་རོབ་གླིང་མནའ་འབྲེལ་དང་དབྱིན་ཇི། འཇར་མན། ཧྥ་རན་སི་སོགས་ཀྱིས་ཚེས5ཉིན་ཏན་མག་དང་ཀི་ལིན་ལན་གླིང་ཕྲན་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན་པ་དང་། ཀི་ལིན་ལན་གླིང་ཕྲན་གྱི་མ་འོངས་པ་དེ་ཏན་མག་དང་ཀི་ལིན་ལན་གླིང་ཕྲན་གྱིས་ཐག་གཅོད་བྱེད་དགོས་པར་འདོད།
ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་ཞི་ཕའེ་ཨར་གྱིས་བཤད་རྒྱུར། ཀི་ལིན་ལན་གླིང་ཕྲན་ནི་ཏན་མག་གི་རང་སྐྱོང་ས་ཁོངས་ཡིན་པ་དང་། དེའི་གོ་གནས་ཀྱི་བཅོས་བསྒྱུར་གང་ཡིན་ཡང་ཀི་ལིན་ལན་གླིང་ཕྲན་དང་ཏན་མག་གིས་ཐག་གཅོད་བྱེད་དགོས་ཟེར།
དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མའོ་ཡིས་སྨྱན་བྱད་ལ་བཤད་རྒྱུར། ཀི་ལིན་ལན་གླིང་ཕྲན་གྱི་མ་འོངས་པ་དེ་ཀི་ལིན་ལན་གླིང་ཕྲན་དང་ཏན་མག་གིས་ཐག་གཅོད་བྱེད་དགོས། ཏན་མག་གི་དབུ་བཞུགས་བློན་ཆེན་ཧྥོ་ལོས་ཙེ་ལི་ཁི་སིན་གྱིས་ཨ་མེ་རི་ཁས་ཏན་མག་དང་ཀི་ལིན་ལན་གླིང་ཕྲན་གྱི་མི་དམངས་ལ་འཇིགས་སྐུལ་བྱེད་མཚམས་འཇོག་དགོས་པའི་རེ་བ་བཏོན་པའི་གནས་ཚུལ་གླེང་སྐབས། སི་ཐཱ་མའོ་ཡིས་ཏན་མག་གི་དབུ་བཞུགས་བློན་ཆེན་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།
འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་ཝ་ཏི་ཧྥུའུ་ཨར་གྱིས་འཇར་མན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཀི་ལིན་ལན་གླིང་ཕྲན་དེ་ཏན་མག་ལ་དབང་བ་རྩོད་མེད་ཡིན་པས། ཡོ་རོབ་གླིང་གིས་གནད་དོན་དེའི་ཐད་ནས་མཐུན་སྒྲིལ་གྱི་ལངས་ཕྱོགས་འཛིན་དགོས་ཟེར།
ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཁུང་ཧྥ་ཧྥུའུ་ལེ་ཡིས་ཧྥ་རན་སིའི་བརྙན་འཕྲིན་ཁང་དང་པོའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། རྒྱལ་མཚམས་དེ་དྲག་ཤུགས་ལ་བརྟེན་ནས་བསྒྱུར་མི་རུང་བ་དང་། ཀི་ལིན་ལན་གླིང་ཕྲན་དེ་ཀི་ལིན་ལན་གྱི་མི་དང་ཏན་མག་གི་མིར་དབང་བ་ཡིན་ལ། ཐག་གཅོད་དབང་ཆའང་ཀི་ལིན་ལན་གྱི་མི་དང་ཏན་མག་གི་མིའི་ལག་ཏུ་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།