ཐི་ལིང་ཕུའུ་ཡིས་རྒྱལ་ཁབ་མང་བོར་འཇིགས་སྐུལ་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 1

​ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས4ཉིན་སྲིད་འཛིན་གྱི་ཆེད་བཏང་གནམ་གྲུའི་སྟེང་སྨྱན་བྱད་ཀྱི་མདུན་ནས། ཝེ་ནེ་ཙུའེ་ལཱ་དང་ཁོ་ལོམ་པུ་ཡཱ། ཁུ་པཱ། དབྱི་ལིང་། མའོ་ཞི་ཁོ་སོགས་རྒྱལ་ཁབ་ལ་འཇིགས་སྐུལ་བྱས།

ཝེ་ནེ་ཙུའེ་ལཱ་གླེང་སྐབས་ཐི་ལིང་ཕུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁར་ངེས་པར་དུ་ཙུའེ་ལཱའི་ཐོན་ཁུངས་ཐོབ་དགོས་ཟེར། ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱ་བདག་བཟུང་བྱས་ཡོད་པའི་ཚུལ་བསྟན།

ཐི་ལིང་ཕུའུ་ཡིས་བཤད་རྒྱུར། གལ་ཏེ་ལཱའི་སྲིད་འཛིན་ཚབ་མ་ལོ་ཏི་ལི་ཀི་སི་ཡིས་ཡང་དག་པའི་བྱ་བ་མི་བསྒྲུབ་ན། མཱ་ཏུའུ་ལོ་ལས་ལྷག་པའི་དཀའ་སྡུག་ལ་འཕྲད་སྲིད་ལ། གལ་ཏེ་ཁོ་ཚོས་སྒྲིག་ལམ་མི་བརྩི་ན། ང་ཚོས་སྐོར་ཐེངས་གཉིས་པའི་ཆམ་ཕབ་གཏོང་ངེས་ཡིན་ཟེར།

ཐི་ལིང་ཕུའུ་ཡིས་བཤད་རྒྱུར། ཁོ་ལོམ་པུ་ཡཱ་ཡིས་ཨ་མེ་རི་ཁར་དུག་རྫས་ཕྱིར་འཚོང་བྱེད་ཡོད་ལ། དེ་ཧ་ཅང་ཚབས་ཆེན་ཡིན་པར་མ་ཟད། ཁོ་ལོམ་པུ་ཡཱའི་སྲིད་འཛིན་ཕའེ་ཐི་ལོ་ལ་མཚང་མིང་བཏགས་པ་དང་། ཁོས་འདི་ལྟར་བྱས་ན་རིང་བོ་འགོར་མི་སྲིད་ཟེར།

ཐི་ལིང་ཕུའུ་ཡིས་བཤད་རྒྱུར། ཚེས3ཉིན་ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱའི་འཇབ་རྒོལ་འགུལ་སྐྱོད་ཁྲོད་ཁུ་པཱའི་མི་མང་བོས་ཝེ་ནེ་ཙུའེ་ལཱའི་སྲིད་འཛིན་མཱ་ཏུའུ་ལོ་ལ་སྲུང་སྐྱོབ་བྱེད་རྩིས་བྱེད་སྐབས་བསད་ཡོད་ཟེར།

ཐི་ལིང་ཕུའུ་ཡིས་བཤད་རྒྱུར། གལ་ཏེ་ཝེ་ནེ་ཙུའེ་ལཱ་ཡིས་རྡོ་སྣུམ་འདོན་སྤྲོད་མ་བྱས་ཚེ། ཁུ་པཱ་ཡིས་རང་མགོ་ཐོན་དཀའ་ཟེར།

ཐི་ལིང་ཕུའུ་ཡིས་ད་རུང་བཤད་རྒྱུར། ཨ་མེ་རི་ཁས་དབྱི་ལིང་དུ་ཉེ་སྔོན་བྱུང་བའི་ཟིང་འཁྲུག་དོན་རྐྱེན་ལ་དོ་སྣང་ཟབ་མོ་བྱེད་བཞིན་ཡོད་ལ། ཐེ་གཏོགས་བྱེད་པའམ་ཡང་ན་དབྱི་ལིང་ལ་ཆམ་ཕབ་ནན་མོ་གཏོང་རྒྱུའི་འཇིགས་སྐུལ་བྱས།

ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁར་ཀི་ལིན་ལན་གླིང་ཕྲན་མཁོ་བ་བསྐྱར་བསྒྲགས་བྱས། ཁོས་རྒྱལ་ཁབ་ཀྱི་བདེ་འཇགས་ཕྱོགས་ནས་བལྟས་ན། ང་ཚོར་ཀི་ལིན་ལན་གླིང་ཕྲན་མཁོ་བ་དང་། དེར་འཐབ་ཇུས་ཀྱི་གོ་གནས་གལ་ཆེན་ཡོད་ལ། ཏན་མག་གིས་ཀི་ལིན་ལན་གླིང་ཕྲན་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཐེག་ཐེབས་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།