ཀུའེ་ནེ་ཡཱའི་གསར་དུ་བདམས་པའི་སྲིད་འཛིན་གྱིས་ས་ཁུལ་རང་གི་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་རྒྱུའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​ཀུའེ་ནེ་ཡཱ་སྤྱི་མཐུན་རྒྱལ་ཁབ་ཀྱི་གསར་དུ་བདམས་པའི་སྲིད་འཛིན་ཏོན་པུའུ་ཡཱ་ཡིས་ཚེས4ཉིན་བརྙན་རིས་གཏམ་བཤད་སྤེལ་ཏེ། མ་འོངས་པའི་རྒྱལ་ཁབ་འཕེལ་རྒྱས་ཁ་ཕྱོགས་རྒྱས་བཤད་བྱས་པ་དང་། མཐུན་སྒྲིལ་དང་ཁྲིམས་སྐྱོང་། ཐུན་མོང་དར་རྒྱས་བཅས་ཀྱི་ཀུའེ་ནེ་ཡཱ་རྒྱལ་ཁབ་ཅིག་འཛུགས་སྐྲུན་བྱེད་རྒྱུ་ཁས་ལེན་བྱས་པར་མ་ཟད། ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་ས་ཁུལ་རང་གི་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་བར་གྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུ་ཡིན་ཟེར།

ཏོན་པུའུ་ཡཱ་ཡིས་བཤད་རྒྱུར། ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ་སྤྱི་བའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བ་དང་། སློབ་གསོ་དང་འཕྲོད་བསྟེན་སོགས་ཁྱབ་ཁོངས་གཙོ་བོའི་བཅོས་བསྒྱུར་ལ་སྐུལ་འདེད་བཏང་ནས། འཕེལ་རྒྱས་གྲུབ་འབྲས་ལས་མང་ཚོགས་ལ་ཕན་ཐོགས་འབྱུང་དུ་འཇུག་པར་འབད་འབུངས་བྱེད་རྒྱུ་ཡིན་ཟེར། ཁོས་བསྟན་དོན། མུ་མཐུད་དུ་སྤྱི་ཚོགས་ལས་རིགས་སོ་སོའི་བར་གྱི་གྲོས་མོལ་སྲུང་འཛིན་བྱས་ནས་སྤྱི་ཚོགས་འགྲིག་མཐུན་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཏོན་པུའུ་ཡཱ་ཡིས་རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱིས་འགལ་བ་ཁྱད་དུ་བསལ་ནས་མཐུན་སྒྲིལ་ལ་ཤུགས་སྣོན་པ་དང་། མཉམ་དུ་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཁྲོད་ཞུགས་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།