
ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་གིས་ཚེས5ཉིན་དངོས་སུ་བཅའ་ཁྲིམས་བཀའ་རྒྱ་ཞིག་སྤེལ་ནས། རྒྱལ་ཁབ་དང་མངའ་སྡེ། གྲོང་ཁྱེར་བཅས་རིམ་པ་སོ་སོའི་ཉེན་རྟོག་ལས་ཁུངས་ཀྱིས་མྱུར་མོར་རྒྱལ་ཡོངས་ཁྱབ་ཁོངས་ནས། ཨ་མེ་རི་ཁའི་དྲག་ཆས་འཇབ་རྒོལ་ལ་ངན་སྐུལ་དང་ཡང་ན་རྒྱབ་སྐྱོར་བྱེད་པའི་མི་རྣམས་འཚོལ་བཤེར་བྱས་ཏེ། ཁྲིམས་འཛིན་ཁོངས་གཏོགས་ལ་སྤྲད་ནས་འདྲི་གཅོད་བྱེད་དུ་འཇུག་དགོས་པའི་རེ་བ་བཏོན།
བཅའ་ཁྲིམས་བཀའ་རྒྱ་དེ་ལས་ད་རུང་སྤྱི་བའི་ཞབས་ཞུའི་རྨང་གཞིའི་སྒྲིག་ཆས་དང་རྡོ་སྣུམ་བཟོ་ལས། དེ་མིན་རྒྱལ་ཁབ་གྱི་རྨང་གཞིའི་བཟོ་ལས་གཞན་པའི་ཐད་དམག་དོན་ཅན་གྱི་དོ་དམ་ལག་བསྟར་བྱེད་པ་དང་། སྐམ་ས་དང་མཚོ་ཁོངས། བར་སྣང་བཅས་ཀྱི་སྐོར་གཡེང་དང་བདེ་འཇགས་འགན་སྲུང་ལ་ཤུགས་སྣོན་བྱེད་པ། རྒྱལ་ཡོངས་ཀྱི་མངའ་སྡེ་དང་གྲོང་ཁྱེར་སོ་སོར་ཕྱོགས་བསྡུས་འགོག་སྲུང་བཀོད་འདོམ་པུའུ་བཀོད་སྒྲིག་བྱེད་པ་སོགས་ཀྱི་བྲེལ་མྱུར་གྱི་འགོག་སྲུང་བྱེད་ཐབས་མང་བོ་གཏན་འཁེལ་བྱས་ཡོད།
བཅའ་ཁྲིམས་བཀའ་རྒྱ་ལས་བསྟན་དོན། ཨ་མེ་རི་ཁའི་དམག་དོན་སྟོབས་ཤུགས་ཀྱིས་ཝེ་ནེ་ཙུའེ་ལཱའི་མངའ་ཁོངས་དང་མི་དམངས་ལ་དྲག་ཆས་འཇབ་རྒོལ་བྱས་ཏེ། ཝེ་ནེ་ཙུའེ་ལཱའི་མངའ་ཁོངས་ཆ་ཚང་ཡོང་བ་དང་བདག་དབང་། སྒེར་ཚུགས་བཅས་ལ་གནོད་པ་ཚབས་ཆེན་བཟོས་ཡོད་པས། རྒྱལ་ཡོངས་ཁྱབ་ཁོངས་སུ་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་ཡིན་ཟེར།
བཅའ་ཁྲིམས་བཀའ་རྒྱ་ལས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་དོན་ཚན་ང་གཅིག་པ་གཞིར་བཟུང་ན། ཝེ་ནེ་ཙུའེ་ལཱ་ཡིས་ཁྲིམས་འགལ་དང་ལུགས་མེད་ཀྱི་དྲག་ཆས་འཇབ་རྒོལ་ལ་དམིགས་ནས་རང་སྲུང་བྱེད་པའི་དབང་ཆ་ཡོད་པར་མ་ཟད། བློ་བརྟན་འགྱུར་མེད་ཀྱིས་ཁེ་དབང་དེ་ལག་བསྟར་བྱས་ནས། ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱའི་མངའ་ཁོངས་དང་མི་དམངས་ཀྱི་བཙན་འཛུལ་ལ་རྒོལ་ལན་སྤྲོད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།