མཱ་ལིའི་སྲིད་འཛིན་གྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​མཱ་ལིའི་སྲིད་འཛིན་ཀི་དབྱེ་ཐཱ་ཡིས་ཚེས6ཉིན་བསྟན་དོན། མཱ་ལི་དང་ཀྲུང་གོས་རིན་ཐང་ལྟ་བ་གཅིག་འདྲ་རྒྱུན་འཁྱོངས་བྱས་ཡོད་ཅིང་། བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་བྱེད་པ་དང་། ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ། འགྲོ་མིའི་ཐོབ་ཐང་གནད་དོན་དེ་ཡོ་བྱད་ཅན་དང་ཆབ་སྲིད་ཅན་དུ་བསྒྱུར་བར་ངོ་རྒོལ་བྱེད་པ་སོགས་གནད་དོན་གལ་ཆེན་ཐད་ཀྱི་ལངས་ཕྱོགས་གཅིག་གྱུར་ཡིན། མཱ་ལི་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་གཅིག་གི་རྩ་དོན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཀི་དབྱེ་ཐཱ་ཡིས་ཉིན་དེར་རྒྱལ་ས་པཱ་མཱ་ཁི་ནས་གསར་དུ་འགན་ཁུར་བའི་མཱ་ལི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལིས་ཞང་གིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་བསྟན་དོན། མཱ་ལི་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཐུན་མོང་ལྟ་ཚུལ་གལ་ཆེན་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་མཐོ་རིམ་གྲོས་ཚོགས་ཀྱི་གྲུབ་འབྲས་དངོས་འབེབས་བྱེད་རྒྱུ་མ་ཟད། སྔར་ལས་མང་བའི་དངོས་གཉེར་མཉམ་ལས་ལས་གཞི་མང་བོ་མཱ་ལི་ནས་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཟོལ་མེད་ཀྱིས་ཕན་ཐོགས་པར་བྱེད་འདོད་ཡོད་ཟེར།

ལིས་ཞང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་མཱ་ལི་ཕྱོགས་དང་ལག་རྡང་སྦྲེལ་ནས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་བཀོད་པའི་ཐུན་མོང་ལྟ་ཚུལ་དངོས་འབེབས་བྱས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་། དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་གཏོང་བ། མི་གཞུང་བརྗེ་རེས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་དུས་རབས་གསར་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་འཕེལ་རིམ་ཁྲོད་ཀྲུང་གོ་དང་མཱ་ལིའི་མཛའ་མཐུན་གྱི་ལེའུ་བསྟུད་མར་འབྲི་འདོད་ཡོད་ཟེར།

ལིས་ཞང་ནི2025ལོའི་ཟླ12པའི་ཚེས20ཉིན་མཱ་ལི་རུ་འབྱོར་ནས་ལས་འགན་གསར་དུ་ཁུར་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།