
ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་པའི་དང་བླངས་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དང་། ཝུའུ་ཁི་ལན། ཨ་མེ་རི་ཁ་སོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་འཐུས་མིས་ཚེས6ཉིན་ལེ་པཱ་ནུན་ནས་གྲོས་ཚོགས་བསྡུས་ཏེ་གཅིག་གྱུར་སྒོས་བལྟས་ན། ཝུའུ་ཁི་ལན་དང་འབྲེལ་བའི་ཞི་བདེའི་ཐག་གཅོད་ཇུས་གཞི་གང་ཡིན་ཡང་ངེས་པར་དུ་ཝུའུ་ཁི་ལན་ལ་ཚད་བཀག་ནུས་པ་ལྡན་པའི་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱེད་པ་རྨང་གཞིར་བྱེད་དགོས་པར་འདོད།
ཧྥ་རན་སིའི་སྲིད་འཛིན་བཞུགས་ཤག་ཨེ་ལོས་ཧྲི་ཕོ་བྲང་གིས་དེའི་རྗེས་སུ་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། ཚོགས་ཞུགས་ཕྱོགས་ཁག་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་རྩ་དོན་གཞིར་བཟུང་ནས། ཝུའུ་ཁི་ལན་གྱི་དྲང་བདེན་དང་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་པར་འབད་འབུངས་བྱེད་རྒྱུ་བསྐྱར་བསྒྲགས་བྱས་པ་དང་། ཉེ་སྔོན་ཨ་མེ་རི་ཁ་དང་ཝུའུ་ཁི་ལན། ཡོ་རོབ་གླིང་གི་གྲོགས་པོ་བཅས་བར་གྱི་གྲོས་མོལ་ལ་གྲུབ་འབྲས་ཐོབ་པར་དགའ་བསུ་ཞུས།
གསལ་སྒྲོག་ལས་ནན་གྱིས་བསྟན་དོན། ཝུའུ་ཁི་ལན་གྱི་རང་སྲུང་ནུས་པ་དེ་མ་འོངས་པའི་བདེ་འཇགས་དང་སྔར་ལས་རྒྱ་ཆེ་བའི་ཡོ་རོབ་གླིང་དང་ནུབ་ཀྱི་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་གཏན་འཇགས་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་བ་དང་། ཝུའུ་ཁི་ལན་གྱི་བདག་དབང་དང་དུས་ཡུན་རིང་བོའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་ནི་ཞི་བའི་གྲོས་མཐུན་གང་རུང་གི་མེད་དུ་མི་རུང་བའི་གྲུབ་ཆ་ཁག་ཅིག་ཡིན་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ནུས་ལྡན་དུ་གྱུར་ན། དང་བླངས་མནའ་འབྲེལ་གྱིས་ཆབ་སྲིད་དང་བཅའ་ཁྲིམས་ཀྱི་ཚད་བཀག་ལྡན་པའི་བདེ་འཇགས་འགན་སྲུང་རྐྱེན་སྲོལ་ཆ་ཚང་ཞིག་འཛུགས་རྩིས་ཡོད། འགན་སྲུང་བྱེད་ཐབས་དེ་དག་ལ་ཨ་མེ་རི་ཁ་གཙོ་བྱས་པའི་འཁྲུག་རྩོད་མཚམས་འཇོག་པའི་ལྟ་རྟོག་རྐྱེན་སྲོལ་ནང་ཞུགས་པ་དང་། ཝུའུ་ཁི་ལན་གྱི་དྲག་ཆས་སྟོབས་ཤུགས་ལ་རྒྱབ་སྐྱོར་བྱེད་པ། ཝུའུ་ཁི་ལན་གྱི་ཆེད་དུ་དང་བླངས་མནའ་འབྲེལ་གྱི་སྒྲོམ་གཞིའི་ནང་གི་རང་མོས་ལྟར་ཞུགས་པའི་རྒྱལ་ཁབ་དག་ཞུགས་པའི་རྒྱལ་ཁབ་མང་བོའི་དམག་དཔུང་འཛུགས་པ། དེ་མིན་ཝུའུ་ཁི་ལན་བར་གྱི་དུས་ཡུན་རིང་བོའི་འགོག་སྲུང་མཉམ་ལས་ཇེ་ཟབ་ཏུ་གཏོང་སོགས་འདུས་ཡོད་ཟེར།
གསལ་སྒྲོག་ལས་ད་རུང་ལེ་པཱ་ནུན་ནས་མཐུན་སྦྱོར་ཚན་ཆུང་ཞིག་བཙུགས་ཏེ། དང་བླངས་མནའ་འབྲེལ་དང་ཨ་མེ་རི་ཁ། ཝུའུ་ཁི་ལན་བཅས་བར་གྱི་མཐུན་སྦྱོར་བྱ་བའི་འགན་ཁུར་དུ་འཇུག་རྒྱུ་ཁྱབ་བསྒྲགས་བྱས།
ཧྥ་རན་སའིི་སྲིད་འཛིན་མཱ་ཁི་ལུང་གིས་ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་དང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མའོ། འཇར་མན་གྱི་ཙུང་ལི་མའོ་ཚི་བཅས་དང་མཉམ་དུ་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཐེངས་འདིའི་དང་བླངས་མནའ་འབྲེལ་གྱི་གྲོས་ཚོགས་དེས་གཏན་འཇགས་ཡུན་རིང་གི་ཞི་བདེ་མངོན་འགྱུར་བྱེད་པའི་ཐད་གྲུབ་འབྲས་གལ་ཆེན་བླངས་ཡོད་པ་མཚོན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།