
ཏན་མག་དང་ཧྥུན་ལན། འཁྱག་གླིང་། ནོར་ཝེ། སུའེ་ཏེན་སོགས་ཡོ་རོབ་གླིང་བྱང་མའི་རྒྱལ་ཁབ་ལྔའི་ཕྱི་འབྲེལ་བློན་ཆེན་གྱིས་ཚེས6ཉིན་ཀི་ལིན་ལན་གནད་དོན་ཐད་ཀྱི་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཏན་མག་དང་ཀི་ལིན་ལན་གླིང་ཕྲན་ལ་འབྲེལ་བའི་ལས་དོན་དེ་ཏག་མག་དང་ཀི་ལིན་ལན་གླིང་ཕྲན་གྱིས་རང་མོས་ལྟར་ཐག་གཅོད་བྱེད་དགོས་པ་ནན་བཤད་བྱས།
གསལ་སྒྲོག་དེ་རྒྱལ་ཁབ་ལྔའི་སྲིད་གཞུང་གི་དྲ་ཚིགས་སྟེང་སྤེལ་ཡོད། གསལ་སྒྲོག་ལས་བཤད་རྒྱུར། ཡོ་རོབ་གླིང་བྱང་མའི་རྒྱལ་ཁབ་དང་གླིང་སྣེ་བྱང་མའི་རྒྱལ་ཁབ། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བཅས་ཡིན་པའི་ཆ་ནས། རྒྱལ་ཁབ་ལྔ་བོ་དེས་མཉམ་དུ་འབད་བརྩོན་བྱས་ཏེ་གླིང་སྣེ་བྱང་མ་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས། མཉམ་ལས་བཅས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན། རྒྱལ་ཁབ་ལྔ་བོས་རང་རང་ས་ནས་བྱེད་ཐབས་སྤྱད་དེ་གླིང་སྣེ་བྱང་མ་ས་ཁུལ་གྱི་ཟིལ་ཤུགས་དང་འགོག་སྲུང་ནུས་པ་ཇེ་དྲག་ཏུ་གཏོང་རྒྱུ་ཡིན། དེའི་ནང་ནུས་པ་གསར་བ་འཕེལ་རྒྱས་སུ་གཏོང་བ་དང་། འབྲེལ་ཡོད་ཀྱི་བྱ་འགུལ་སྤེལ་བ། བཅའ་སྡོད་དམག་དཔུང་གི་གཞི་རྒྱ་ཇེ་ཆེར་གཏོང་བ། གནས་བབ་ཀྱི་ཤེས་རྟོགས་ནུས་པ་མཐོར་འདེགས་གཏོང་བ་སོགས་འདུས་ཡོད་ཟེར།
གསལ་སྒྲོག་ལས་ནན་གྱིས་བསྟན་དོན། གླིང་སྣེ་བྱང་མའི་ས་ཁུལ་གྱི་བདེ་འཇགས་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་བརྩི་འཇོག་བྱེད་པའི་གཞི་རྩའི་རྩ་དོན་སྟེང་བཙུགས་ཡོད་པས། མཐའ་མཚམས་གནད་དོན་སོགས་ལའང་གནོད་པ་གཏོང་མི་རུང་ཟེར། གསལ་སྒྲོག་ལས་བསྟན་དོན། ཀི་ལིན་ལན་གླིང་ཕྲན་འདུས་པའི་ཏན་མག་རྒྱལ་བོའི་རྒྱལ་ཁབ་ནི་བྱང་ཆིངས་རྩ་འཛུགས་གསར་འཛུགས་བྱེད་པའི་རྒྱལ་ཁབ་ཀྱི་གྲས་ཡིན་པ་དང་། ནམ་རྒྱུན་གླིང་སྣེ་བྱང་མའི་བདེ་འཇགས་གནད་དོན་ཐད་ནས་ཨ་མེ་རི་ཁའི་བར་མཉམ་ལས་ཟབ་མོ་སྲུང་འཛིན་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།