དབྱིན་ཇི་དང་ཧྥ་རན་སི་ཡིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་ཞི་བདེའི་གྲོས་མཐུན་བཀོད་རྗེས་ཝུའུ་ཁི་ལན་དུ་དམག་དཔུང་བཀོད་སྒྲིག་བྱེད་རྒྱུ་རེད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མའོ་ཡིས་ཚེས6ཉིན་བཤད་རྒྱུར། དབྱིན་ཇི་དང་ཧྥ་རན་སི། ཝུའུ་ཁི་ལན་བཅས་ཀྱིས་ཉིན་དེར་རེ་འདུན་གསལ་སྒྲོག་སྤེལ་ཏེ། གལ་ཏེ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་ཞི་བདེའི་གྲོས་མཐུན་བཀོད་རྗེས། དབྱིན་ཇི་དང་ཧྥ་རན་སི་ཡིས་ཝུའུ་ཁི་ལན་ལ་དམག་དཔུང་བཀོད་སྒྲིག་བྱེད་རྒྱུ་ཡིན་ཟེར།

སི་ཐཱ་མའོ་དང་ཧྥ་རན་སིའི་སྲིད་འཛིན་མཱ་ཁི་ལུང་དང་ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་བཅས་ཉིན་དེར་ཧྥ་རན་སིའི་ཕཱ་རེ་སི་ནས་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་པའི་དང་བླངས་མནའ་འབྲེལ་གྱི་གྲོས་ཚོགས་ལ་ཞུགས་ཏེ། རེ་འདུན་གསལ་སྒྲོག་དེ་བཀོད་པ་རེད། དབྱིན་ཇིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། རྒྱལ་ཁབ་མང་བོའི་དམག་དཔུང་དེས་ཝུའུ་ཁི་ལན་རང་སྟེང་གི་དྲག་ཆས་སྟོབས་ཤུགས་བསྐྱར་འཛུགས་བྱེད་པ་དང་། བདེ་འཇགས་འགན་སྲུང་ལ་ཤུགས་སྣོན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། ཝུའུ་ཁི་ལན་གྱི་ཞི་བདེ་དང་གཏན་འཇགས་སླར་གསོ་བྱེད་པའི་ནུས་པ་མཐོར་འདེགས་གཏོང་རྒྱུ་ཡིན་ཟེར།

སི་ཐཱ་མའོ་ཡི་ཐང་ཉིང་སྲང་ལམ་ཨང་བཅུ་བས་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། གསལ་སྒྲོག་བཀོད་པ་ལས་ཕྱིན་ཆད་བཅའ་ཁྲིམས་སྒྲོམ་གཞི་འཛུགས་པར་རྨང་བཏིང་ཡོད་ལ། དབྱིན་ཇི་དང་ཧྥ་རན་སིའི་དམག་དཔུང་གིས་ཝུའུ་ཁི་ལན་གྱི་མངའ་ཁོངས་སུ་འགུལ་སྐྱོད་སྤེལ་ནས། ཝུའུ་ཁི་ལན་གྱི་མཁའ་དབྱིངས་དང་རྒྱ་མཚོའི་བདེ་འཇགས་ལ་འགན་སྲུང་བྱེད་དུ་འཇུག་རྒྱུ་མ་ཟད། མ་འོངས་པར་ཁ་ཕྱོགས་པའི་དེང་རབས་ཅན་གྱི་དྲག་ཆས་དམག་དཔུང་ཞིག་འཛུགས་རྒྱུ་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དབྱིན་ཇི་དང་ཧྥ་རན་སིའི་འགོ་ཁྲིད་པས་རྒྱལ་ཁབ་མང་བོའི་དམག་དཔུང་གི་བཀོད་སྒྲིག་རྐྱེན་སྲོལ་ཐད་ནས་གྲོས་བསྡུར་ཟབ་མོ་བྱས། མཐུན་སྦྱོར་ལས་ཁུངས་ཤིག་འཛུགས་པ་ལས་གཞན། འཁྲུག་རྩོད་མཚམས་བཞག་རྗེས་དབྱིན་ཇི་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱིས་ད་རུང་ཝུའུ་ཁི་ལན་གྱི་མངའ་ཁོངས་ནས་དམག་དོན་ལྟེ་གནས་ཤིག་བཙུགས་ཏེ། དམག་དཔུང་བཀོད་སྒྲིག་བྱེད་པ་དང་མཚོན་ཆ་དང་དམག་དོན་སྒྲིག་ཆས་འཇོག་སའི་འགོག་སྲུང་སྒྲིག་ཆས་འཛུགས་སྐྲུན་བྱས་ནས་ཝུའུ་ཁི་ལན་གྱི་འགོག་སྲུང་དགོས་མཁོར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པས་ད་རུང་རྗེས་མཐུད་ཀྱི་ལས་རིམ་གལ་ཆེན་ལ་གྲོས་བསྡུར་བྱས་པ་དང་། དེའི་ནང་ཨ་མེ་རི་ཁ་གཙོ་བྱས་པའི་འཁྲུག་རྩོད་མཚམས་འཇོག་པའི་ལྟ་རྟོག་དང་ཞིབ་བཤེར་རྐྱེན་སྲོལ་ནང་ཞུགས་པ་དང་། དུས་ཡུན་རིང་བོར་ཝུའུ་ཁི་ལན་ལ་དམག་དཆས་འདོན་སྤྲོད་བྱེད་པར་རྒྱབ་སྐྱོར་བྱེད་པ་སོགས་འདུས།


བསོད་ནམས་ཚེ་རིང་གིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།