
ཁུ་པཱའི་ཕྱི་འབྲེལ་བློན་ཆེན་ལོ་ཏི་ལི་ཀི་སི་ཡིས་ཚེས6ཉིན་བསྟན་དོན། རྒྱལ་ཁབ་ཀྱི་འཐབ་རྩོད་ལོ་རྒྱུས་ལ་བློ་དཀར་བའི་ཁུ་པཱའི་མི་དམངས་ཀྱིས་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལ་འགོག་རྒོལ་བྱས་ཏེ་མེས་རྒྱལ་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།
ལོ་ཏི་ལི་ཀི་སི་ཡིས་ཉིན་དེར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ་བསྟན་དོན། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཁུ་པཱའི་གནས་ཚུལ་ཅི་ཡང་ཤེས་མེད་པ་དང་། ཕ་ཡུལ་ཁུ་པཱ་ནས་ཡིན་པའི་ཨ་མེ་རི་ཁའི་ཆབ་སྲིད་པ་དང་ཁེ་ཕན་སྡེ་ཚོགས་གཞན་པའི་རྫུན་གཏམ་གྱི་གྲོས་རིམ་བསྐྱར་བཟླས་བྱེད་བཞིན་ཡོད་ལ། ཁུ་པཱའི་མི་དམངས་ལ་མངོན་སུམ་འཛེམ་མེད་ཀྱིས་འཇིགས་སྐུལ་བྱེད་བཞིན་ཡོད་ཟེར།
ཁོས་ནན་གྱིས་བསྟན་དོན། ཐི་ལིང་ཕུའུ་ཡིས་བསམ་བཞིན་དུ་གཏམ་བཤད་སྤེལ་སྐབས་ཨ་མེ་རི་ཁའི་ཁུ་པཱར་དམིགས་པའི་ནག་ཉེས་རང་བཞིན་གྱི་སྲིད་ཇུས་དང་དཔལ་འབྱོར་འཐབ་འཁྲུག་བྱེད་པར་ཤུགས་སྣོན་པའི་དོན་དེ་མ་གླེང་བ་དང་། བྱ་སྤྱོད་དེ་དག་ལས་ཁུ་པཱའི་ཁྱིམ་ཚང་མང་བོར་གནོད་པ་ཚབས་ཆེན་ཐེབས་ནས་རེ་ཐག་ཆད་ཡོད་ཟེར། ལོ་ཏི་ལི་ཀི་སི་ཡིས་བསྟན་དོན། ཡུལ་གྲུ་འདིའི་ཆེད་དུ་ཁུ་པཱའི་མི་དམངས་ཀྱིས་རང་སྲོག་བློས་གཏོང་བར་འཛེམ་དོགས་བྱེད་མི་སྲིད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།