ལེ་པཱ་ནུན་གྱི་སྲིད་འཛིན་གྱིས་དབྱི་སི་རལ་གྱིས་ལེ་པཱ་ནུན་གྱི་ས་ཁུལ་མང་བོར་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​ལེ་པཱ་ནུན་གྱི་སྲིད་འཛིན་ཨོ་ཨིན་གྱིས་ཚེས6ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་འདས་པའི་དུས་ཚོད་འགའི་ནང་ལེ་པཱ་ནུན་ཤར་ཕྱོགས་ཀྱི་པེ་ཁཱ་གྲོག་རོང་དང་ལྷོ་ཕྱོགས་ཀྱི་ས་ཁུལ་མང་བོར་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་།

ཨོ་ཨིན་གྱིས་བཤད་རྒྱུར། ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ནི་ལེ་པཱ་ནུན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་ལྟ་རྟོག་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་མ་བསྡུས་གོང་བྱུང་བ་དང་། ཨུ་ཡོན་ལྷན་ཁང་གིས་ཚེས7ཉིན་གྲོས་ཚོགས་བསྡུས་ནས། དགྲར་འཛིན་འགུལ་སྐྱོད་མཚམས་འཇོག་པ་དང་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་སླར་གསོ་བྱེད་པའི་འབྲེལ་ཡོད་བྱེད་ཐབས་ལ་གྲོས་བསྡུར་བྱེད་རྒྱུའི་འཆར་གཞི་ཡོད་པ་དང་། དེའི་ནང་དབྱི་སི་རལ་གྱི་དམག་དཔུང་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་མཐའ་མཚམས་ས་ཁུལ་བར་ཕྱིར་འཐེན་བྱེད་པ་དང་། ལེ་པཱ་ནུན་གྱིས་བཀག་འཇུག་བྱེད་པའི་མི་སྣ་ཕྱིར་གཏོང་བ། དེ་མིན་ལེ་པཱ་ནུན་གྱི་དམག་དཔུང་གི་བཀོད་སྒྲིག་བྱ་བ་ཡོངས་འགྲུབ་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་བདུན་ཐིག་གཅིག་དངོས་འབེབས་བྱེད་པ་སོགས་འདུས།

ཨོ་ཨིན་གྱིས་བསྟན་དོན། ལེ་པཱ་ནུན་གྱིས་ཕྱོགས་སོ་སོའི་བྱ་བར་གཞོགས་འདེགས་བྱེད་ཀྱང་། དབྱི་སི་རལ་གྱིས་བསྟུད་མར་འཇབ་རྒོལ་བྱས་པ་ལས་གནས་བབ་ཞི་འཇགས་སུ་འགྲོ་བར་གནོད་པ་ཐེབས་ཡོད་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ནུས་པ་སྔར་ལས་ཆེན་པོ་འདོན་སྤེལ་བྱས་ཏེ། གནས་བབ་ཞི་འཇགས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། ལེ་པཱ་ནུན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་ལྟ་རྟོག་ཨུ་ཡོན་ལྷན་ཁང་གིས་ཕྱོགས་སོ་སོའི་ཐུན་མོང་ལྟ་ཚུལ་དང་རྒྱལ་སྤྱིའི་རྒྱབ་སྐྱོར་འོག་འགན་འཁྲི་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།