འཇར་པན་གྱི་དབུ་བཞུགས་བློན་ཆེན་ཟུར་པ་ཧྲི་ཕོ་མའོ་ཡིས“འཇར་པན་ལ་ཉིང་རྡུལ་མཚོན་ཆ་ཡོད་འོས་པའི”གཏམ་བརྗོད་ལ་ཡང་བསྐྱར་སྐྱོན་བརྗོད་བྱས།
ཁུངས། ཀློག་གྲངས།

 ཚེས26ཉིན་གྱི་དགོང་མོར།   འཇར་པན་གྱི་དབུ་བཞུགས་བློན་ཆེན་ཟུར་པ་ཧྲི་ཕོ་མའོ་ཡིས་ཉེ་ལམ་དབུ་བཞུགས་བློན་ཆེན་གྱི་དཔོན་རིགས་ཀྱིས“འཇར་པན་ལ་ཉིང་རྡུལ་མཚོན་ཆ་ཡོད་འོས”ཞེས་པའི་གཏམ་བརྗོད་ལ་ཡང་བསྐྱར་སྐྱོན་བརྗོད་བྱས།

ཧྲི་ཕོ་མའོ་ཡིས་འཇར་པན་གྱིBS11བརྙན་འཕྲིན་འཕྲིན་ལམ་ནས་ཚེས26ཉིན་བཏང་བའི་ལེ་ཚན་ཞིག་གི་ནང་དུ།   འཛམ་གླིང་སྟེང་རྡུལ་ཕྲན་འབར་མདེལ་གྱི་གནོད་འཚེ་ཐེབས་པའི་རྒྱལ་ཁབ་གཅིག་པུ་ཡིན་པའི་འཇར་པན་གྱི་ལངས་ཕྱོགས་ནི་ཉིང་རྡུལ་གྱི་ཁྱབ་འགྱེད་བཀག་འགོག་བྱེད་རྒྱུ་དེ་ཡིན་པ་ལས།  ལངས་ཕྱོགས་དེར་ཁས་ལེན་མི་བྱེད་པའི་གཏམ་བརྗོད་སྤེལ་མི་རུང་ཞེས་བཤད།

ཚེས18ཉིན།  འཇར་པན་གྱི་དབུ་བཞུགས་བློན་ཆེན་གྱི་བཞུགས་ཤག་གི་བདེ་འཇགས་འགན་སྲུང་སྲིད་ཇུས་ཀྱི་འགན་འཁུར་བའི་དཔོན་རིགས་ཤིག་གིས་བཞུགས་ཤག་གི་གསར་འགོད་པའི་ཚོགས་པར“འཇར་པན་ལ་ཉིང་རྡུལ་མཚོན་ཆ་ཡོད་འོས་པའི”བསམ་ཚུལ་བཤད་པ་རེད། འབྲེལ་ཡོད་གཏམ་བརྗོད་ཁྱབ་བསྒྲགས་བྱས་རྗེས་འཇར་པན་རྒྱལ་ནང་དུ་གླེང་ཕྱོགས་ཀྱི་སྐྱོན་བརྗོད་བྱུང་།

གཏམ་བརྗོད་དེར་དམིགས་ནས་ཉིན་འགའི་སྔོན་ཧྲི་ཕོ་མའོ་ཡིས་བཤད་རྒྱུར།  གལ་སྲིད་འཇར་པན་ལ་ཉིང་རྡུལ་མཚོན་ཆ་ཡོད་ཚེ།   《ཉིང་རྡུལ་མཚོན་ཆ་ཁྱབ་འགྱེད་མི་བྱེད་པའི་ཆིངས་ཡིག》དང་དེ་མིན་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞི་ནས་ཕྱིར་འཐེན་མི་བྱེད་ཐབས་མེད་ཡིན་ཞེས་བཤད།  ཁོས་དེས་འཇར་པན་གྱི་ནུས་ཁུངས་མ་ལག་ལ་འདེགས་སྐྱོར་བྱེད་པའི་ཉིང་རྡུལ་ནུས་པའི་སྲིད་ཇུས་འཛུགས་ཐབས་བྲལ་ཞིང་། དེ་ནི་འཇར་པམ་གྱི་ངོས་ནས་བརྗོད་ན་ཕན་ཡོད་ཀྱི་བྱ་བ་ཞིག་གཏན་ནས་མིན་ཞེས་ནན་བཤད་བྱས།

ཚེས24ཉིན།  འཇར་པན་གྱི《གཟའ་འཁོར་དུས་དེབ་ཝུན་ཁྲུན》ཞེས་པའི་གློག་རྡུལ་པར་གཞིའི་སྟེང་སྤེལ་བའི་གནས་ཚུལ་ལྟར་ན།  དཔོན་རིགས་དེ་ནི་ཉིང་རྡུལ་དམག་དོན་ཚོད་འཛིན་དང་ཉིང་རྡུལ་རྒྱ་སྐྱེད་མི་གཏོང་བའི་ལས་དོན་གྱི་འགན་འཁུར་བའི་དབུ་བཞུགས་བློན་ཆེན་གྱི་གཞོགས་འདེགས་དཔོན་པོ་ཝེ་ཧྲང་ཏིན་ཀྲེང་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར། 



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།