
ཚེས9ཉིན། ཝུའུ་ཁི་ལན་གྱི་མཁའ་དམག་གིས་སྤྱི་ཚོགས་སྨྱན་བྱད་བརྒྱུད་ནས་བཤད་རྒྱུར། ཨུ་རུ་སུས་ཉིན་དེར་རྒྱང་ཐག་འབྲིང་གི་མདེལ་ལམ་འཕུར་མདེལ་གཅིག་དང་བཅས་པའི་འཕུར་མདེལ36དང་མི་མེད་གནམ་གྲུ242སྤྱད་དེ་ཝུའུ་ཁི་ལན་གྱི་འགག་རྩའི་རྨང་གཞིའི་སྒྲིག་ཆས་ལ་འཇབ་རྒོལ་བྱས་ཟེར། དེའི་སྔོན་ཏག་ཏག་ལ་ཨུ་རུ་སུའི་དམག་དཔུང་གིས་ཉིན་དེར་སྒྲའི་མྱུར་ཚད་མཐོ་བའི་མདེལ་ལམ“ཀྲེན་ཧྲུའུ”སྤྱད་དེ་ཝུའུ་ཁི་ལན་ལ་རྡུང་རྡེག་བཏང་ཡོད་ཅེས་བཤད།
ཝུའུ་ཁི་ལན་གྱི་མཁའ་དམག་གིས་བཤད་རྒྱུར། འཕུར་མདེལ18དང་མི་མེད་གནམ་གྲུ16གིས་ས་གནས19ཡི་དམིགས་འབེན་ལ་འཇབ་རྒོལ་བྱས་པ་དང་། འཕུར་མདེལ18དང་མི་མེད་གནམ་གྲུ226ཝུའུ་ཁི་ལན་གྱི་དམག་དཔུང་གིས་གཏོར་ཡོད། རྒྱང་ཐག་འབྲིང་གི་མདེལ་ལམ་འཕུར་མདེལ་ཨུ་རུ་སུའི་ལྷོ་ནུབ་རྒྱུད་ཀྱི་ཨ་སི་ཐེ་ལ་ཧན་མངའ་སྡེ་ཡི་ཁ་ཕུའུ་སི་ཅིན་ཡ་ཨར་གྱི་ཚོད་ལྟའི་ར་བ་ནས་འཕེན་གཏོང་བྱས་པ་ཟིན་ཐོར་བཀོད་ཡོད་ཟེར།
དེའི་སྔོན་ཏག་ཏག་ལ་ཨུ་རུ་སུའི་དམག་དཔུང་གིས་བསྟན་དོན། ཉིན་དེའི་ཐོ་རེངས་དུས་སུ། ཝུའུ་ཁི་ལན་གྱི་སྒྲིག་ཆས་གལ་ཆེན་ལ་གཞི་ཁྱོན་ཆེན་པོས་རྡུང་རྡེག་བཏང་སྟེ། ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་གི་བཞུགས་ཤག་ལ་འཇབ་རྒོལ་བྱས་པའི་དོན་རྐྱེན་ལ་འཁོན་ལན་སློག་པ་ཡིན། ཨུ་རུ་སུའི་དམག་དཔུང་གིས་ཉིན་དེའི་དམག་དོན་འགུལ་སྐྱོད་ཁྲོད“ཀྲེན་ཧྲུའུ”འཕུར་མདེལ་སྤྱད་དེ“ཕུའུ་ཅིང་གི་བཞུགས་ཤག་ལ་འཇབ་རྒོལ་བྱེད་པར་སྤྱོད་པའི་ཡ་མེད་གནམ་གྲུའི་ཐོན་སྐྱེད་སྒྲིག་ཆས”གཏོར་བརླག་བྱས་ནས་རྡུང་རྡེག་གི་དམིགས་འབེན་མངོན་འགྱུར་བྱུང་ཡོད།
“ཀྲེན་ཧྲུའུ”ནི་ཨུ་རུ་སུས་ཞིབ་འཇུག་དང་གསར་བཟོ་བྱས་པའི་སྒྲ་བརྒལ་མྱུར་ཚད་མཐོ་བའི་རྒྱང་ཐག་འབྲིང་གི་མདེལ་ལམ་འཕུར་མདེལ་གསར་པ་ཞིག་ཡིན་ཞིང་། དེའི་ནང་ཉིང་རྡུལ་གྱི་མདེལ་བཞག་ཆོག་པ་དང་མ་ཧེ10ཡི་མྱུར་ཚད་ཀྱིས་དམིགས་འབེན་ལ་ཕར་རྒོལ་བྱེད་ཐུབ།
གཡང་འབུམ་རྒྱལ་གྱིས་བསྒྱུར།