
ཚེས9ཉིན། ཝུའུ་ཁི་ལན་གྱི་ཕྱི་འབྲེལ་པུའུ་ཀྲང་སེ་པི་ཅ་ཡིས་ཨུ་རུ་སུས་རྒྱང་ཐག་འབྲིང་གི་མདེལ་ལམ་འཕུར་མདེལ“ཀྲེན་ཧྲུའུ”སྤྱད་དེ་ཝུའུ་ཁི་ལན་གྱི་ལི་ཝོ་ཧྥུའུ་ས་ཁུལ་ལ་རྡུང་རྡེག་བཏང་པ་དང་། རྡུང་རྡེག་བྱ་ཡུལ་དེ་ཡོ་རོབ་མནའ་འབྲེལ་དང་བྱང་ཆིངས་ཀྱི་མཐའ་མཚམས་དང་ཐག་ཉེ་བས་ཡོ་རོབ་སྐམ་ས་ཆེན་པོའི་བདེ་འཇགས་ལ་འཇིགས་སྐུལ་ཚབས་ཆེན་བཟོས་ཡོད། དེ་ནི་ཨ་རི་དང་ཡོ་རོབ་གླིང་ལ་ཚོད་ལྟ་བྱས་པ་ཞིག་ཀྱང་རེད་ཅེས་བཤད།
སེ་པི་ཅ་ཡིས་སྤྱི་ཚོགས་སྨྱན་བྱད་བརྒྱུད་ནས་ཝུའུ་ཁི་ལན་གྱིས་ཨུ་རུ་སུའི་འགུལ་སྐྱོད་ཐད་འགྱུར་འབྱུང་སྟོབས་ཆེའི་བླང་བྱ་བཏོན་ཡོད་པ་དང་། ང་ཚོས་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་ནས་ཨ་རི་དང་ཡོ་རོབ་གླིང་གི་གྲོགས་པོ། དེ་མིན་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་ཚང་མར་ཐེངས་འདིའི་ཉེན་ཁ་ཆེ་བའི་འཇབ་རྒོལ་གྱི་གནས་ཚུལ་ཞིབ་ཕྲ་བརྡ་ཁྱབ་གཏོང་བཞིན་ཡོད་ཅེས་བྲིས་ཡོད།
ཚེས9ཉིན། ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་སྤྱི་ཚོགས་སྨྱན་བྱད་བརྒྱུད་ནས་བསྟན་དོན། ཨུ་རུ་སུའི་དམག་དཔུང་གིས“ཀྲེན་ཧྲུའུ”འཕུར་མདེལ་སོགས་མཚོན་ཆ་སྤྱད་པ་ནི། ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་གི་བཞུགས་ཤག་ལ་འཇབ་རྒོལ་བྱས་པའི་དོན་རྐྱེན་ལ་འཁོན་ལན་སློག་པ་ཡིན་ཞེས་བཤད།
སེ་པི་ཅ་ཡིས་ཕུའུ་ཅིང་གི་བཞུགས་ཤག་ལ་འཇབ་རྒོལ་བྱས་པའི་དོན་རྐྱེན་གཏན་ནས་བྱུང་མེད་པ་དང་། ཨུ་རུ་སུས་དེ་རྒྱུ་མཚན་དུ་བྱས་ནས་ཝུའུ་ཁི་ལན་ལ་རྡུང་རྡེག་བཏང་པ་ཡིན་ཟེར་བ་ནི་ཁུངས་ལུང་མེད་པ་ཞིག་རེད་ཅེས་བཤད།
ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུའུ་ལུའོ་ཧྥུའུ་ཡིས2025ལོའི་ཟླ12པའི་ཚེས29ཉིན་བཤད་རྒྱུར། ཝུའུ་ཁི་ལན་གྱིས་ཟླ12པའི་ཚེས28ཉིན་གྱི་མཚན་མོ་ནས་ཚེས29ཉིན་བར་རྒྱང་རིང་ལ་ཕར་རྒོལ་བྱེད་པའི་མི་མེད་གནམ་གྲུ91སྤྱད་དེ། ཨུ་རུ་སུའི་ནུབ་བྱང་རྒྱུད་ཀྱི་ནོ་ཧྥུའུ་ཀོ་ལུའོ་ཏེ་མངའ་སྡེ་རུ་ཡོད་པའི་ཕུའུ་ཅིང་གི་བཞུགས་ཤག་ལ་འཇབ་རྒོལ་བྱས་ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།