
ཟླ1པོའི་ཚེས8ཉིན།ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མའོ་ཉིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་བར་ཕྱི་འབྲེལ་བཙུགས་ནས་ལོ70འགོར་བའི་རིང་།ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་དབུགས་རྒྱུན་གཅིག་མཐུན་དང་ལས་དབང་མཉམ་འབྲེལ། གོང་འཕེལ་གཅིག་མཐུན་བཅས་བྱས་ཡོད་ཅེས་བསྟན།
ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་སྟེང་།གསར་འགོད་པ་ཞིག་གིས་གཟའ་འཁོར་འདིར་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཨ་ཧྥེ་རི་ཁར་འཚམས་འདྲི་བྱེད་མགོ་བརྩམས་པ་དེ་ནི།ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་གིས་བསྟུད་མར་ལོ36གི་ལོ་མགོར་ཨ་ཧྥེ་རི་ཁར་འཚམས་འདྲི་ཐེངས་དང་པོ་བྱས་པ་ཞིག་རེད། ཉེ་ཆར་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས《ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་སྔར་བས་གཏིང་ཟབ་དང་རྒྱ་ཆེ་བ》ཞེས་པའི་དཔེ་དེབ་གསར་པ་ཁྱབ་བསྒྲགས་བྱས་པ་དང་།ཨ་རིའི་རིག་མཛོད་མང་པོ་ཞིག་གིས་སྙན་ཞུ་ཁྱབ་བསྒྲགས་བྱས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལ་དགེ་མཚན་ལྡན་པའི་གདེང་འཇོག་བྱས་པ་དང་ཀྲུང་གོ་ཕྱོགས་ལ་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད། མགྲིན་ཚབ་པས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་གྲུབ་འབྲས་སྐོར་གྱི་ཉམས་མྱོང་ངོ་སྤྲོད་ཅིག་བྱེད་ཐུབ་བམ་ཞེས་དྲིས་པར།
མའོ་ཉིང་གིས་བཤད་རྒྱུར།ཀྲུང་གོ་དང་ཨ་ཧྥེ་རི་ཁའི་བར་ཕྱི་འབྲེལ་བཙུགས་ནས་ལོ70འགོར་བའི་རིང་།ཀྲུང་གོ་དང་རྒྱ་ཆེའི་ཨ་ཧྥེ་རི་ཁ་གླིང་ཆེན་རྒྱལ་ཁབ་གཉིས་ཀྱིས་མི་རིགས་རང་བཙན་བརྩོན་ལེན་བྱེད་པའི་བྱ་གཞག་ཁྲོད་དཔུང་པ་མཉམ་གཤིབ་ཀྱིས་འཐབ་འཛིང་བྱས་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱུས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་ཤུགས་ཆེ་རུ་འགྲོ་བའི་རླབས་རྒྱུན་ཁྲོད་མཐུན་སྒྲིལ་མཉམ་ལས་བྱས་ཏེ།གནོད་འཚེ་དང་རིམས་ནད་ཆེན་པོ་མཉམ་དུ་འགོག་རྒོལ་བྱས་ནས་དེང་རབས་ཅན་གྱི་ཕུགས་འདུན་མཉམ་དུ་དོན་གཉེར་བྱས།ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་དབུགས་རྒྱུན་གཅིག་མཐུན་དང་ལས་དབང་མཉམ་འབྲེལ། གོང་འཕེལ་གཅིག་མཐུན་བཅས་བྱས་ཏེ། རྒྱལ་སྤྱིའི་འབྲེལ་བ་གསར་པའི་དཔེ་མཚོན་བཙུགས་ནས་མིའི་རིགས་ཀྱི་ལས་དབངགཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་མདུན་གྲལ་དུ་བསྐྱོད་ཡོད།
དུས་རབས་གསར་པ་ནས་བཟུང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁ་དང་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཚད་མཐོའི་མཐོང་ཆེན་གནང་སྟེ། ཨ་ཧྥེ་རི་ཁ་དང་དོན་དངོས་དང་མཛའ་མཐུན་ལྷག་བསམ་གྱི་སྲིད་ཇུས་འདུ་ཤེས་དང་ཡང་དག་པའི་བདེན་ཕན་ལྟ་བ་བཏོན་པ་དང་། ལྷག་བསམ་ཟོལ་མེད་ཀྱི་མཛའ་མཐུན་དང་འདྲ་མཉམ་ངང་ཕན་ཚུན་ལྟ་སྟངས་འཛིན་པ། གཉིས་ཕན་མཉམ་རྒྱལ། ཐུན་མོང་འཕེལ་རྒྱས། དྲང་བདེན་གཙོ་སྐྱོང་དང་དྲང་བདེན་སྲུང་སྐྱོབ། དུས་བབ་དང་བསྟུན་པ། སྒོ་འབྱེད་ཁོང་ཡངས་བཅས་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་མཉམ་ལས་སྙིང་སྟོབས་དར་སྤེལ་བཏང་སྟེ།ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་པར་སྣེ་ཁྲིད་བྱས་ནས།ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལ་གྲུབ་འབྲས་ཐོབ་པའི་གསང་རྟགས་སུ་གྱུར་ཡོད་ཅེས་བཤད།
ཁོ་མོས་བཤད་རྒྱུར།གོ་ལ་ཧྲིལ་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁོངས་མི་གལ་ཆེན་ཞིག་ཡིན་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་བར་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བྱས་ནས།ཕྱོགས་གཉི་ཀ་དེང་རབས་ཅན་དུ་བསྐྱོད་པའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན་པར་མ་ཟད། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ཐག་གཅོད་བྱེད་པར་བློ་གྲོས་གསར་པ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན།ཨ་ཧྥེ་རི་ཁ་ནི་རྒྱལ་སྤྱིའི་མཉམ་ལས་ཀྱི་གར་སྟེགས་ཆེན་པོ་ཞིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་ཨ་ཧྥེ་རི་ཁའི་བདག་དབང་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་ཨ་ཧྥེ་རི་ཁའི་ཞི་བདེ་དང་བརྟན་འཇགས།འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་དེ་བས་མང་པོ་འབུལ་འདོད་ཡོད་ཅེས་བཤད།
གཡང་འབུམ་རྒྱལ་གྱིས་བསྒྱུར།