
ཚེས8ཉིན།ལེ་པ་ནོན་དམག་ཕྱོགས་ཀྱིས་དེའི་གཞུང་ཕྱོགས་དྲ་ཚིགས་སྟེང་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།རྒྱལ་ཁབ་ཀྱིས་མཚོན་ཆ་གཅིག་གྱུར་དོ་དམ་ཚོད་འཛིན་བྱེད་པའི་འཆར་གཞིའི་དུས་སྐབས་དང་པོའི་དམིགས་འབེན་ལེགས་གྲུབ་བྱུང་ཡོད་ཅེས་བཤད།
གསལ་བསྒྲགས་ལས་འཆར་གཞི་དེའི་དུས་སྐབས་དང་པོའི་དམིགས་འབེན་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད་པ་དང་། དུས་སྐབས་དང་པོའི་ལས་འགན་གྱི་གཙོ་གནད་ཁྲོད་དམག་དཔུང་གི་འགུལ་སྐྱོད་བཀོད་སྒྲིག་རྒྱ་ཆེར་གཏོང་བ་དང་འགག་རྩའི་ས་ཁོངས་ཀྱི་བདེ་འཇགས་འགན་སྲུང་བྱེད་པ་སོགས་འདུས་ཡོད་ཟེར།
གསལ་བསྒྲགས་དེ་ལས་ད་དུང་བཤད་རྒྱུར།དབྱི་སི་རལ་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་དང་མུ་མཐུད་དུ་འགལ་ནས་ལེ་པ་ནོན་གྱི་མངའ་ཁོངས་སུ་འཇབ་རྒོལ་བྱས་ཏེ།ལེ་པ་ནོན་མངའ་ཁོངས་ཀྱི་ས་ཆ་མང་པོ་བཙན་བཟུང་བྱས་པར་མ་ཟད། ས་ཁུལ་ཁག་ཅིག་ཏུ་འགྲོ་བར་ཚོད་འཛིན་བྱེད་པའི་བར་ཁུལ་བཙུགས་ཏེ།ལེ་པ་ནོན་ཕྱོགས་ཀྱིས་འབྲེལ་ཡོད་ལས་འགན་ལེགས་འགྲུབ་བྱེད་པར་ཤུགས་རྐྱེན་བཟོ་བཞིན་ཡོད།
ལེ་པ་ནོན་གྱི་སྲིད་འཛིན་ཨའོ་ཨེན་གྱིས་ན་ནིང་ཟླ7པའི་ཚེས31ཉིན་གཏམ་བཤད་སྤེལ་ནས།རྒྱལ་ཁབ་ཀྱི་དབང་ཆ་རྒྱལ་ཡོངས་ས་གནས་སོ་སོར་རྒྱ་སྐྱེད་གཏོང་བ་དང་། ཀྲིན་ཀྲུའུ་ཏང་ཚུད་པའི་དྲག་ཆས་རྩ་འཛུགས་ཚང་མའི་དྲག་ཆས་མེད་པར་བཟོས་ནས།མཚོན་ཆ་ལེ་པ་ནོན་གྱི་དམག་དཔུང་ལ་རྩིས་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན།
གཡང་འབུམ་རྒྱལ་གྱིས་བསྒྱུར།