ཡེ་མེན་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་པ་ཙུའུ་པེ་ཏི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་བྲོས་བྱོལ་བྱས།
ཁུངས། ཞིན་ཧྭ་གསར་འགྱར་དྲ་བ། ཀློག་གྲངས།

ཚེས8ཉིན།ཁ་ཐར་ཕྱེད་གླིང་བརྙན་འཕྲིན་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། སོ་ཏི་ཨ་རབ་ཀྱིས་གཙོ་ཁྲིད་བྱེད་པའི་རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་གིས་ཡེ་མེན་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་པ་ཙུའུ་པེ་ཏི་ཉིན་དེར་སོ་མ་ལི་བརྒྱུད་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་ས་ཨ་པུའུ་ཀྲ་པིར་བྲོས་སོང་ཞེས་བཤད།

གནས་ཚུལ་ལས་མཉམ་འབྲེལ་དམག་གི་གསལ་བསྒྲགས་དྲངས་ནས་བཤད་རྒྱུར།ཙུའུ་པེ་ཏི་ཚེས7ཉིན་གྱི་ནམ་གུང་གྲུ་གཟིངས་ཤིག་ལ་བསྡད་ནས་ཡེ་མེན་ཡ་ཏིང་ནས་སོ་མ་ལིའི་པོ་ཕེ་ལ་གྲུ་ཁར་བསྐྱོད་པ་དང་།དེའི་རྗེས་སུ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་དཔོན་རིགས་དང་མཉམ་དུ་གནམ་གྲུར་བསྡད་དེ་སོ་མ་ལིའི་རྒྱལ་ས་མོ་ཅ་ཏི་ཧྲར་འཕུར་ནས་མཐར་ཨ་པུའུ་ཀྲ་པིར་ཐོན་ཡོད་ཟེར།

ཚེས7ཉིན།ཡེ་མེན་གྱི་བདེ་འཇགས་དཔོན་རིགས་ཀྱིས་བཤད་པ་ལྟར་ན།སོ་ཏི་ཨ་རབ་ཀྱི་དམག་འཐབ་གནམ་གྲུས་ཉིན་དེའི་ཐོ་རེངས་སྐབས་སུ་ཡེ་མེན་ལྷོ་ཕྱོགས་ཀྱི་ཏ་ལི་ཨ་ཞིང་ཆེན་གྱི་ས་ཆ་མང་པོར་མཁའ་རྒོལ་རབ་དང་རིམ་པ་བྱས་པ་དང་།དམིགས་ཡུལ་ནི་ཙུའུ་པེ་ཏི་ཡི་སྡོད་གནས་ཡིན་པར་བཤད། དེའི་རྗེས་སུ་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གིས་གསལ་བསྒྲགས་སྤེལ་ནས།ཙུའུ་པེ་ཏི་ཡིས་ཡེ་མེན་གྱི་གནས་སྐབས་རྒྱལ་ས་ཡ་ཏིང་དུ་དམག་དོན་དང་བདེ་འཇགས། དམངས་དོན་སྒྲིག་གཞིའི་ལས་དོན་བཅས་ལ་ཐད་ཀར་དུ་ལྟ་སྐུལ་དང་མཛུབ་སྟོན་བྱེད་ཀྱི་ཡོད་ཅེས་བཤད།

ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང2022ལོར་སོ་ཏི་ཨ་རབ་ཀྱིས་གཙོ་ཁྲིད་བྱེད་པའི་རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་དཔུང་ནང་ཞུགས་ནས་ཧུའུ་སའེ་དྲག་ཆས་ལ་རྡུང་རྡེག་བཏང་པར་མ་ཟད། ཡེ་མེན་སྲིད་གཞུང་གི་སྲིད་འཛིན་སྒྲིག་གཞིའི་སྲིད་འཛིན་མགོ་ཁྲིད་ཨུ་ཡོན་ལྷན་ཁང་དུ་ཞུགས་ཀྱང་།  སྔར་བཞིན་ལྷོ་ཕྱོགས་ཀྱི“བདག་དབང”མངོན་འགྱུར་བྱ་རྒྱུའི་བླང་བྱ་རྒྱུན་འཁྱོངས་བྱེད་ཀྱི་ཡོད།རྒྱུ་རྐྱེན་དེའི་དབང་གིས་ཡེ་མེན་སྲིད་གཞུང་གི་བར་དུ་གདོང་གཏུག་ཐེངས་མང་བྱུང་མྱོང་། ཉེ་ཆར་ཁོའི་དྲག་ཆས་ཀྱིས་ཧ་ཏེ་ལ་མའོ་ཞིང་ཆེན་དང་མའེ་ཧོ་ལ་ཞིང་ཆེན་སོགས་སུ་ཡེ་མེན་སྲིད་གཞུང་གི་དམག་དཔུང་ལ་དམག་དོན་འགུལ་སྐྱོད་སྤེལ། ཡེ་མེན་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་སོ་ཏི་ཨ་རབ་དང་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་ལ་རྒྱབ་སྐྱོར་བྱེད་མཁན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གཉིས་སོ་སོར་དོན་རྐྱེན་དེའི་ཁྲོད་དུ་ཞུགས་ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར། 


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།