
ཚེས8ཉིན།ཡེ་མེན་དུ་སྡོད་པའི་སོ་ཏི་ཨ་རབ་ཀྱི་གཞུང་ཚབ་ཆེན་མོ་མུའུ་ཧན་མའོ་ཏེ·ཅ་པེ་ཨེར་གྱིས་སྤྱི་ཚོགས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར།ཁོས་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལི་ཡ་ཏེ་རུ་ཡེ་མེན་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་འཐུས་ཚབ་ཚོགས་པ་དང་ཐུག་འཕྲད་བྱས་པར་བཤད་པ་དང་། ཉིན་དེར་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་འཐུས་ཚབ་ཚོགས་པའི་ཁོངས་མིས་ཕྱོགས་གཉིས་ཀྱི་གྲོས་མོལ་ལ་གྲུབ་འབྲས་ཕུན་སུམ་ཚོགས་པ་ཐོབ་ཡོད་ཅེས་བཤད།
ཅ་པེ་ཨེར་གྱིས་ཕྱོགས་གཉིས་ཀྱིས་ཡེ་མེན་ལྷོ་རྒྱུད་ཀྱི་འབྲེལ་ཡོད་གནད་དོན་ཇི་ལྟར་ཐག་གཅོད་འོས་འཚམ་བྱ་རྒྱུ་དང་།དེ་མིན་ལི་ཡ་ཏེ་རུ་འཚོག་ལ་ཉེ་བའི་ཡེ་མེན་ལྷོ་རྒྱུད་ཀྱི་ཕྱོགས་ཁག་སོ་སོའི་འཐུས་མིའི་གྲོས་མོལ་ཚོགས་འདུའི་གྲ་སྒྲིག་བཀོད་སྒྲིག་སོགས་ཀྱི་ཐད་གྲོས་བསྡུར་བྱས་པ་ཡིན་ཟེར། ཁོས་ཐུག་འཕྲད་བྱེད་སྐབས་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གིས་མགོ་ཁྲིད་པ་ཙུའུ་པེ་ཏིའི་མཛུབ་སྟོན་འོག་སྤྱད་པའི་བྱ་སྤྱོད་ཁག་ཅིག་གིས་གནད་དོན་ཐག་གཅོད་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་ཐོན་མེད་པར།དེ་ལས་ལྡོག་སྟེ་མཐུན་སྒྲིལ་གཅིག་གྱུར་གྱིས་དགྲ་བོར་ཁ་གཏད་འཇལ་བའི་འཐབ་ཕྱོགས་ལ་གཏོར་བརླགས་བཏང་ཡོད་ཅེས་བཤད།
ཉིན་དེར་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་འཐུས་ཚབ་ཚོགས་པའི་ཁོངས་མི་མུའུ་ཧན་མའོ་ཏེ·ཀའེ་ཞི་ཡིས་སྤྱི་ཚོགས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར།ཡེ་མེན་དུ་སྡོད་པའི་སོ་ཏི་ཨ་རབ་ཀྱི་གཞུང་ཚབ་ཆེན་མོས་ལི་ཡ་ཏེར་གྲོས་མོལ་བྱས་པར་གྲུབ་འབྲས་ཕུན་སུམ་ཚོགས་པ་ཐོབ་ཡོད་ཅེས་བཤད།ཀའེ་ཞི་ཡིས་ང་ཚོས་ནང་ཁུལ་གྱི་མཐུན་སྒྲིལ་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཚང་མར་ངོ་རྒོལ་བྱ་རྒྱུ་བསྐྱར་བསྒྲགས་བྱ་རྒྱུ་ཡིན་པར་བཤད་པ་དང་། དེ་དང་མཉམ་དུ་སོ་ཏི་ཨ་རབ་ཀྱིས་ལྷོ་ཕྱོགས་ཀྱི་ཕྱོགས་ཁག་སོ་སོའི་འཐུས་མིའི་གྲོས་མོལ་ཚོགས་འདུ་འཚོག་པར་འབད་བརྩོན་བྱས་པར་ཚད་མཐོའི་གདེང་འཇོག་བྱས་པར་མ་ཟད། སོ་ཏི་ཨ་རབ་ཀྱི་མགོ་ཁྲིད་རིམ་པར་ཕྱོགས་ཡོངས་ནས་རྒྱབ་སྐྱོར་དང་ཡིད་ཆེས་གང་ལེགས་བྱེད་དགོས་པ་ནན་བཤད་ཀྱང་བྱས།
ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང2022ལོར་སོ་ཏི་ཨ་རབ་ཀྱིས་གཙོ་ཁྲིད་བྱེད་པའི་རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་དཔུང་ནང་ཞུགས་ནས་ཧུའུ་སའེ་དྲག་ཆས་ལ་རྡུང་རྡེག་བཏང་པར་མ་ཟད། ཡེ་མེན་སྲིད་གཞུང་གི་སྲིད་འཛིན་སྒྲིག་གཞིའི་སྲིད་འཛིན་མགོ་ཁྲིད་ཨུ་ཡོན་ལྷན་ཁང་དུ་ཞུགས་ཀྱང་། སྔར་བཞིན་ལྷོ་ཕྱོགས་ཀྱི“བདག་དབང”མངོན་འགྱུར་བྱ་རྒྱུའི་བླང་བྱ་རྒྱུན་འཁྱོངས་བྱེད་ཀྱི་ཡོད། རྒྱུ་རྐྱེན་དེའི་དབང་གིས་ཡེ་མེན་སྲིད་གཞུང་གི་བར་དུ་གདོང་གཏུག་ཐེངས་མང་བྱུང་མྱོང་། ཉེ་ཆར་ཁོའི་དྲག་ཆས་ཀྱིས་ཧ་ཏེ་ལ་མའོ་ཞིང་ཆེན་དང་མའེ་ཧོ་ལ་ཞིང་ཆེན་སོགས་སུ་ཡེ་མེན་སྲིད་གཞུང་གི་དམག་དཔུང་ལ་དམག་དོན་འགུལ་སྐྱོད་སྤེལ། ཡེ་མེན་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་སོ་ཏི་ཨ་རབ་དང་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་ལ་རྒྱབ་སྐྱོར་བྱེད་མཁན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གཉིས་སོ་སོར་དོན་རྐྱེན་དེའི་ཁྲོད་དུ་ཞུགས་ཡོད།
ཉེ་ཆར་ཡེ་མེན་སྲིད་འཛིན་མགོ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨ་ལི་སྨི་ཡིས་སོ་ཏི་ཨ་རབ་ཀྱིས་ཡེ་མེན་ལྷོ་ཕྱོགས་ཀྱི་ཕྱོགས་སོ་སོའི་འཐུས་མི་ཚང་མ་ཞུགས་པའི་གྲོས་མོལ་ཚོགས་འདུ་ཞིག་འཚོག་རྒྱུའི་རེ་བ་ཡོད་ཅེས་བཤད་པར་སོ་ཏི་ཨ་རབ་ཀྱིས་དེ་ལ་དགའ་བསུ་ཞུ་བཞིན་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།