ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱིས་དབྱི་སི་རལ་ལ་སོ་མ་ལི་ལན་ཁས་ལེན་བྱ་རྒྱུའི་གཏན་འབེབས་མྱུར་དུ་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན།
ཁུངས། ཞིན་ཧྭ་གསར་འགྱར་དྲ་བ། ཀློག་གྲངས།

ཨ་ཧྥེ་རི་ཁ་མནའ་འབྲེལ་ཞི་བདེ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས6ཉིན་ཁྱབ་བསྒྲགས་བྱས་པའི་ཚོགས་འདུའི་སྤྱི་བསྒྲགས་ལས་བསྟན་དོན།སོ་མ་ལི་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་བདག་དབང་དང་གཅིག་གྱུར་། མངའ་ཁོངས་ཆ་ཚང་། བརྟན་འཇགས་བཅས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བརྟན་པོ་བྱ་རྒྱུ་ཡིན་ཞེས་འཁོད་ཡོད།

སྤྱི་བསྒྲགས་ལས་རྒྱལ་ཁབ་གང་ཞིག་ཡིན་རུང་ཨ་ཧྥེ་རི་ཁའི་མནའ་འབྲེལ་ཁོངས་མིའི་རྒྱལ་ཁབ་མངའ་ཁོངས་ཀྱི་ད་ལྟའི་གནས་ཚུལ་ལ་འགྱུར་ལྡོག་གཏོང་བའི་དབང་ཆ་མེད། དབྱི་སི་རལ་གྱི་བྱ་སྤྱོད་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་སྐམ་ས་ཆེན་མོ་དང་།ལྷག་པར་དུ་ཨ་ཧྥེ་རི་ཁ་གླིང་གི་ཟུར་གནས་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་འཇིགས་སྐུལ་བཟོ་སྲིད་པར་མ་ཟད། གཏན་འཁེལ་བྱས་པའི་རྩ་དོན་དང་མི་མཐུན་ལ་དང་ལེན་བྱེད་ཐབས་བྲལ་བའི་སྔོན་དཔེ་ཞིག་བཟོ་སྲིད་པར་བསྟན།

སྤྱི་བསྒྲགས་ལས་ཁོངས་མིའི་རྒྱལ་ཁབ་དང་རྒྱལ་སྤྱིའི་གྲོགས་པོ་ཚང་མས་སོ་མ་ལིའི་བདག་དབང་དང་གཅིག་གྱུར་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་བསྒྲགས་བྱས་ནས།རྒྱལ་སྤྱིའི་རྩ་དོན་ལ་གཏོར་བརླགས་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་ཚང་མར་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་པར་མ་ཟད།མཐུན་སྒྲིལ་གཅིག་གྱུར་གྱིས་ཨ་ཧྥེ་རི་ཁ་ས་ཁུལ་གྱི་བརྟན་འཇགས་སྲུང་སྐྱོང་བྱེད་པ་དང་།ཨ་ཧྥེ་རི་ཁ་མནའ་འབྲེལ་ཁོངས་མིའི་རྒྱལ་ཁབ་ཚང་མས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་སྒྲིག་གཞིས་སོ་མ་ལིའི་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པར་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

སོ་མ་ལི་ལན་ས་ཁུལ་ནི་སོ་མ་ལིའི་བྱང་རྒྱུད་དུ་གནས་པ་དང་།དུས་རབས20པའི་ལོ་རབས90པར་སོ་མ་ལི“རང་བཙན”དང་ཁ་བྲལ་རྒྱུ་ཁྱབ་བསྒྲགས་བྱས་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁས་ལེན་བྱས་མེད། 2025ལོའི་ཟླ12པའི་ཚེས26ཉིན།དབྱི་སི་རལ་གྱིས་སོ་མ་ལི་ལན“རང་ཚུགས་བདག་དབང་རྒྱལ་ཁབ”སུ་དངོས་སུ་ཁས་ལེན་བྱས་པར་མ་ཟད།“ཕྱི་འབྲེལ་འཛུགས་པའི”གྲོས་མཐུན་ལ་མིང་རྟགས་བཀོད་པར་རྒྱལ་ཁབ་མང་པོ་ཞིག་གིས་རྒོལ་གཏམ་བཏང་།

གཡང་འབུམ་རྒྱལ་གྱིས་བསྒྱུར། 



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།