ཕྱི་འབྲེལ་པུའུ་ཡིས་ཀྲུང་གོས་མུ་མཐུད་དུ་སྒོ་འབྱེད་རྣམ་འགྱུར་གྱིས་རྒྱལ་ཁབ་སོ་སོ་དང་འཕེལ་རྒྱས་དང་དར་རྒྱས་མཉམ་སྤྱོད་བྱ་རྒྱུ་ཡིན་པར་བསྟན།
ཁུངས། ཞིན་ཧྭ་གསར་འགྱར་དྲ་བ། ཀློག་གྲངས།

​ཉེ་ཆར།  ཡོ་རོབ་དངུལ་རྩའི་སྒྲིག་གཞི་མང་པོ་ཞིག་གི་ཞིབ་འཇུག་སྙན་ཞུའི་ཁྲོད།གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཕུང་གཙོ་བོའི་ཁྲོད་ཀྲུང་གོའི་དཔལ་འབྱོར་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་མངོན་ཡོད་ཅེས་འཁོད་ཡོད། དེའི་ཐད་ནས་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མའོ་ཉིང་གིས་ཟླ1པོའི་ཚེས7ཉིན།ཀྲུང་གོས་མུ་མཐུད་དུ་སྒོ་འབྱེད་རྣམ་འགྱུར་གྱིས་རྒྱལ་ཁབ་སོ་སོ་དང་དང་མཉམ་དུ་འཕེལ་རྒྱས་དང་དར་རྒྱས་མཉམ་སྤྱོད་བྱ་རྒྱུ་ཡིན་པར་བསྟན།ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་སྟེང་།གསར་འགོད་པ་ཞིག་གིས་ཉེ་ཆར་དབྱིན་ཇིའི་ཀྲ་ཏ་དངུལ་ཁང་དང་། ཧྥ་རན་སེའི་དར་རྒྱས་དངུལ་ཁང་། ཧོ་ལན་རྒྱལ་སྤྱིའི་ཚོགས་པ་སོགས་ཡོ་རོབ་གླིང་གི་དངུལ་རྩའི་སྒྲིག་གཞི་མང་པོ་ཞིག་གིས་ཞིབ་འཇུག་སྙན་ཞུ་ཁྱབ་བསྒྲགས་བྱས་ནས།ཚན་རྩལ་གསར་གཏོད་དང་ལྗང་མདོག་ཚུལ་སྒྱུར་གྱི་གཞོགས་འདེགས་འོགཀྲུང་གོའི་དཔལ་འབྱོར2026ལོར་བརྟན་པོའི་ངང་འཕར་བ་རྒྱུན་འཁྱོངས་ཐུབ་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཕུང་གཙོ་བོའི་ཁྲོད་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་མངོན་ཡོད་ཟེར།མགྲིན་ཚབ་པར་དེའི་ཐད་ལ་དཔྱད་གཏམ་ཅི་ཞིག་ཡོད་ཅེས་དྲིས་པར།

མའོ་ཉིང་གིས་བཤད་རྒྱུར།འདས་མ་ཐག་པའི2025ལོར་ཀྲུང་གོའི་དཔལ་འབྱོར་གྱིས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་འཇལ་ནས་མདུན་སྐྱོད་བྱས་ནས་ གསར་པའི་ཕྱོགས་དང་ལེགས་ཕྱོགས་སུ་འཕེལ་རྒྱས་སུ་བཏང་པ་དང་། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་དང་ལྗང་མདོག་ནུས་ཁུངས་ཚུལ་སྒྱུར་གྱིས་གོ་ལ་ཧྲིལ་པོའི་སྣེ་ཁྲིད་་ནས་ཕྱོགས་བསྡུས་རྒྱལ་སྟོབས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་མུ་མཐུད་དུ་སྐུལ་འདེད་བཏང་པས།རྒྱལ་ཁབ་དང་ས་ཁུལ150ལྷག་ཙམ་གྱི་ཚོང་དོན་གྲོགས་པོ་གཙོ་བོར་གྱུར་སྟེ།འཛམ་གླིང་གི་དཔལ་འབྱོར་འཕར་བར་ལེགས་སྐྱེས་ཕུལ་ཚད30%ཡས་མས་རྒྱུན་འཁྱོངས་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་ཡོད།

ཁོ་མོས་བསྟན་དོན།ད་ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”མགོ་བརྩམས་པའི་ལོ་རེད། “ལོ་ལྔའི་འཆར་འགོད་བཅོ་ལྔ་པར”རྒྱང་ལྟ་བྱས་ཚེ། ཀྲུང་གོའི་དཔལ་འབྱོར་ཡུན་རིང་བོར་ཇེ་ལེགས་སུ་འགྲོ་བའི་གཞོགས་འདེགས་ཀྱི་ཆ་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་བ་འབྱུང་མི་སྲིད་པར་མ་ཟད་སྔར་ལས་དགེ་མཚན་མངོན་ངེས་རེད། ཀྲུང་གོས“གསར་གཏོད”དང“ལྗང་མདོག”དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་རྨང་གཞིར་བརྩིས་ཏེ། “སྒོ་འབྱེད”དང“མཉམ་སྤྱོད”ལ་བརྟེན་ནས་གོ་ལ་ཧྲིལ་པོའི་ཐུན་མོང་འཕེལ་རྒྱས་ལ་རོགས་རམ་བྱས་ཏེ་རང་བདག་སྒོ་འབྱེད་དང་ལམ་ལུགས་རྣམ་པའི་སྒོ་འབྱེད་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་རྒྱུ་ཡིན།

ང་ཚོས་མུ་མཐུད་དུ་རང་ཉིད་ཀྱི་བྱ་བ་ལེགས་པོར་བསྒྲུབས་ནས་ཀྲུང་གོའི་ངོ་མཚར་གྱི་ལེའུ་གསར་པ་མུ་མཐུད་དུ་འབྲི་བ་དང་། མུ་མཐུད་དུ་སྒོ་འབྱེད་རྣམ་འགྱུར་གྱིས་རྒྱལ་ཁབ་སོ་སོ་དང་འཕེལ་རྒྱས་དང་དར་རྒྱས་མཉམ་སྤྱོད་བྱ་རྒྱུ་ཡིན།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲུལ་བཞུད་གསར་པ་དེས་ཀྲུང་གོ་དང་འཛམ་གླིང་གིས་མཉམ་དུ་མ་འོངས་པ་བསྐྲུན་པར་སྒུལ་ཤུགས་གསར་པ་བསྣན་ནས་གོ་སྐབས་གསར་པ་འདོན་སྤྲོད་བྱ་རྒྱུ་ཡིན་ཞེས་བཤད།

གཡང་འབུམ་རྒྱལ་གྱིས་བསྒྱུར། 



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།