ཡེ་མེན་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གིས་ཁོ་ཚོའི་གྲོས་མོལ་འཐུས་ཚབ་ཚོགས་པར་སོ་ཏི་ཨ་རབ་ཏུ“འབྲེལ་གཏུག་ཆད”པར་བཤད།
ཁུངས། ཞིན་ཧྭ་གསར་འགྱར་དྲ་བ། ཀློག་གྲངས།

ཚེས7ཉིན།ཡེ་མེན་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གིས་གསལ་བསྒྲགས་སྤེལ་ནས།ཁོ་ཚོའི་མགོ་ཁྲིད་པ་ཙུའུ་པེ་ཏི་ད་ལྟ་ཡེ་མེན་ལྷོ་ཕྱོགས་ཀྱི་གྲུ་ཁའི་གྲོང་ཁྱེར་ཡ་ཏིང་དུ་ཡོད་ཟེར། གསལ་བསྒྲགས་ལས་རྩ་འཛུགས་དེའི་སོ་ཏི་ཨ་རབ་ཏུ་གྲོས་མོལ་ལ་ཞུགས་པའི་འཐུས་ཚབ་ཚོགས་པར“འབྲེལ་གཏུག་ཆད་པའི”ཐད་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པར་བསྟན།

གསལ་བསྒྲགས་ལས་ཙུའུ་པེ་ཏི་སྔར་བཞིན་ཡ་ཏིང་དུ་ཡོད་པ་དང་།དམག་དོན་དང་བདེ་འཇགས། དམངས་དོན་སྒྲིག་གཞིའི་ལས་དོན་ལ་ཐད་ཀར་ལྟ་སྐུལ་དང་མཛུབ་སྟོན་་བྱེད་ཀྱི་ཡོད་ཅེས་འཁོད་ཡོད།

གསལ་བསྒྲགས་ལས་རྩ་འཛུགས་དེའི་འཐུས་ཚབ་ཚོགས་པ་ཚེས6ཉིན་གྱི་དགོང་མོར་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལི་ཡ་ཏེ་རུ་འབྱོར་ནས།ཡེ་མེན་ལྷོ་ཕྱོགས་གནད་དོན་དང་འབྲེལ་བ་ཡོད་པའི་གྲོས་མོལ་ལ་ཞུགས་ཡོད། འོན་ཀྱང་ཁོ་ཚོའི་འཐུས་ཚབ་ཚོགས་པ་སོ་ཏི་ཨ་རབ་ཏུ་འབྱོར་རྗེས་ཁོ་ཚོའི་གནས་ཡུལ་དང་ཡང་ན་གནས་བབ་དང་འབྲེལ་བ་ཡོད་པའི་གཞུང་ཕྱོགས་ཀྱི་ཆ་འཕྲིན་ཅི་ཡང་འབྱོར་མེད། “གནས་ཚུལ་དེས་དོགས་གཞི་ཚབས་ཆེན་བྱུང་བས་གསལ་བཤད་ཡང་དག་བྱེད་དགོས”ཞེས་འཁོད་ཡོད།རྩ་འཛུགས་དེས་སོ་ཏི་ཨ་རབ་ཕྱོགས་ཀྱིས་མཁའ་རྒོལ་འགུལ་སྐྱོད་མྱུར་དུ་མཚམས་བཞག་ནས་ཁོ་ཚོའི་འཐུས་ཚབ་ཚོགས་པའི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པར་མ་ཟད། མྱུར་དུ་འབྲེལ་གཏུག་བྱེད་ཆོག་པའི་འབོད་སྐུལ་བཏང་།

གསལ་བསྒྲགས་ལས་སོ་ཏི་ཨ་རབ་ཀྱིས་ཙུའུ་པེ་ཏིའི་ཕ་ཡུལ་ཏེ་ཏ་ལི་ཨ་ཞིང་ཆེན་གྱི་ས་ཁུལ་ཁག་ཅིག་ལ་མཁའ་རྒོལ་བྱས་པར“ཧང་སངས་ཤིང”དེ་ནི“མི་རྣམས་བློ་ཕམ་དགོས་པའི་རིམ་སྤོར་བྱ་སྤྱོད”ཅིག་རེད་ཅེས་འཁོད་ཡོད།

སོ་ཏི་ཨ་རབ་ཀྱིས་གཙོ་ཁྲིད་བྱེད་པའི་རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་གིས་ཚེས7ཉིན་གྱི་སྔ་མོར།ཙུའུ་པེ་ཏི་ལྐོག་གྱུར་གྱི་གནས་ཤིག་ཏུ་བྲོས་བྱོལ་བྱས་ནས་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་མི་སྣ་གཞན་དག་ལ་འགྲོ་ཡུལ་རྩིས་སྤྲོད་བྱས་མེད་ཅེས་བཤད།

ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང2022ལོར་སོ་ཏི་ཨ་རབ་ཀྱིས་གཙོ་ཁྲིད་བྱེད་པའི་རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་དཔུང་དུ་ཞུགས་ནས་ཧུའུ་སའེ་དྲག་ཆས་ལ་རྡུང་རྡེག་བཏང་པར་མ་ཟད། ཡེ་མེན་སྲིད་གཞུང་གི་སྲིད་འཛིན་སྒྲིག་གཞིའི་སྲིད་འཛིན་མགོ་ཁྲིད་ཨུ་ཡོན་ལྷན་ཁང་དུ་ཞུགས་ཀྱང་།ལྷོ་ཕྱོགས་ཀྱི“བདག་དབང”མངོན་འགྱུར་བྱེད་པའི་བླང་བྱ་སྔར་བཞིན་རྒྱུན་འཁྱོངས་བྱེད་ཀྱི་ཡོད།དེའི་རྐྱེན་གྱིས་ཡེ་མེན་སྲིད་གཞུང་གི་བར་ལ་གདོང་གཏུག་ཐེངས་མང་བྱུང་མྱོང་། ཉེ་ཆར་ཁོ་ཚོའི་དྲག་ཆས་ཀྱིས་ཧ་ཏེ་ལ་མའོ་ཞིང་ཆེན་དང་མའེ་ཧོ་ལ་ཞིང་ཆེན་སོགས་སུ་ཡེ་མེན་སྲིད་གཞུང་གི་དམག་དཔུང་ལ་དམག་དོན་འགུལ་སྐྱོད་སྤེལ། ཡེ་མེན་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་སོ་ཏི་ཨ་རབ་དང་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་ལ་རྒྱབ་སྐྱོར་བྱེད་མཁན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གཉིས་སོ་སོར་དེའི་ཁྲོད་དུ་ཞུགས་ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར། 


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།