
ཟླ་དང་པོའི་ཚེས10ཉིན་གྱི་སྔ་དྲོར། 2026ལོའི་ཞི་བདེའི་འདོད་བློ་ཞེས་པའི་མཚོ་ཐོག་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་མགོ་རྩོམ་པའི་མཛད་སྒོ་ཨ་ཧྥེ་རི་ཁ་ལྷོ་མའི་ཁའེ་ཕུའུ་ཏོན་གྱི་ཞི་མིན་སི་ཏོན་གྲུ་ཁ་ནས་སྤེལ་བ་དང་། ཀྲུང་གོ་དང་ཨུ་རུ་སི། ཨ་ཧྥེ་རི་ཁ་ལྷོ་མ་སོགས་གསེར་གྱོམ་རྒྱལ་ཁབ་ཀྱི་ཁོངས་གཏོགས་རྒྱལ་ཁབ་དམག་དོན་སྦྱོང་བརྡར་ལ་ཞུགས།
ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱིས་མཚོ་ཐོག་འགྲུལ་ལམ་དང་དཔལ་འབྱོར་བྱ་འགུལ་གལ་ཆེན་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་མཉམ་འབྲེལ་འགུལ་སྐྱོད་ཅེས་པ་བརྗོད་སྙིང་དུ་བཟུང་ཡོད་ཅིང་། ཀྲུང་གོའི་ཕྱོགས་ཀྱིས་མངག་གཏོང་བྱས་ཏེ་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་དམག་ཤུགས་ལ་མཚོ་དམག་གི་སྐོར་ཐེངས་ཞེ་བརྒྱད་པའི་མཚོ་འགྲུལ་སྲུང་སྐྱོབ་རུ་དཔུང་གི་འཕུར་མདའི་མཐར་སྐྲོད་གྲུ་གཟིངས་ཐང་ཧྲན་དམག་གྲུ་དང་། ཕྱོགས་བསྡུས་མཁོ་འདོན་གྱི་ཐེ་ཧུའུ་དམག་གྲུ། གྲུ་ཐོག་གྱེན་འཕུར་གནམ་གྲུ་གཅིག་དང་དམིག་བསལ་དམག་དཔུང་གི་དམག་མི་བཅུ་ཕྲག་འགའ་བཅས་འདུས།
རྒྱུས་ལོན་པ་ལྟར་ན། མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་ཟླ་དང་པོའི་ཚེས9ཉིན་ནས་ཚེས16ཉིན་བར་ཨ་ཧྥེ་རི་ཁ་ལྷོ་མའི་ཞི་མིན་སི་ཏོན་ཉེ་འདབས་ཀྱི་མཚོ་ཁོངས་དང་མཁའ་ཁོངས་ནས་རྩ་འཛུགས་ལག་བསྟར་བྱེད་རྒྱུ་རེད། དེའི་ནང་ཟླ་དང་པོའི་ཚེས9ཉིན་ནས་ཚེས12ཉིན་བར་གྲུ་ཁའི་དུས་རིམ་ཡིན་པ་དང་། གཙོ་བོ་མཉམ་འབྲེལ་དམག་དོན་སྦྱོང་བརྡར་མགོ་རྩོམ་པའི་མཛད་སྒོ་དང་གྲུ་གཟིངས་ལྟ་ཞིབ། རིག་རྩལ་བྱ་འགུལ། ཆེད་ལས་ལག་རྩལ་བརྗེ་རེས་སོགས་ཀྱི་རྣམ་གྲངས་སྤེལ་རྒྱུ་ཡིན་པ་དང་། ཟླ་དང་པོའི་ཚེས13ཉིན་ནས་ཚེས15ཉིན་བར་གྱི་མཚོ་ཐོག་དུས་རིམ་ཡིན་ལ། ཀྲུང་གོའི་མཚོ་དམག་གི་དམག་གྲུ་དང་རྒྱལ་ཁབ་སོ་སོའི་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་དམག་གྲུ་དག་གིས་འཕྲིན་གཏོང་སྦྱོང་བརྡར་དང་རུ་སྒྲིག་འགུལ་སྐྱོད། མཚོ་ཐོག་ཆམ་ཕབ། བཙན་ཁྲིད་བྱས་པའི་གྲུ་གཟིངས་ཀྱི་མྱུར་སྐྱོབ། གྱེན་འཕུར་གནམ་གྲུས་རྨས་མ་སྐྱོབ་པ་སོགས་ཀྱི་རྣམ་གྲངས་ཐད་ནས་སྦྱོང་བརྡར་བྱེད་རྒྱུ་ཡིན་པ་དང་། ཟླ་དང་པོའི་ཚེས16ཉིན་མཉམ་འབྲེལ་དམག་དོན་སྦྱོང་བརྡར་མཇུག་སྒྲིལ་བའི་མཛད་སྒོ་སྤེལ་རེད་ཟེར།
མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེའི་དམིགས་ཡུལ་ནི་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་སོ་སོའི་དམག་དོན་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། མཉམ་དུ་མཚོ་ཐོག་གི་འཇིགས་ཉེན་ཐག་གཅོད་བྱེད་པའི་ནུས་པ་མཐོར་འདེགས་བྱེད་ཆེད་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།