དབྱི་ལིང་རྒྱལ་ཡོངས་སུ་བདེ་འཇགས་མི་སྣ་བརྒྱ་དང་བཅུ་གཅིག་ཟིང་འཁྲུག་ཁྲོད་རྐྱེན་ལམ་དུ་ཤོར།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​དབྱི་ལིང་རྒྱལ་ཡོངས་སུ་བདེ་འཇགས་མི་སྣ111 ཚེས8ཉིན་ནས་ཚེས9ཉིན་བར་དབྱི་ལིང་གི་གྲོང་ཁྱེར་མང་བོ་ནས་བྱུང་བའི་ཟིང་འཁྲུག་ཁྲོད་ཚེ་ལས་འདས་ཟེར།

གཞན་ཡང་དབྱི་ལིང་དཔོན་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། དབྱི་ལིང་སྲིད་གཞུང་གིས་ཚེས11ཉིན་ཟིང་འཁྲུག་གི་སྐབས་སུ་རྐྱེན་ལམ་དུ་ཤོར་བའི་མི་ལ་ཉིན་གསུམ་རིང་རྒྱལ་ཡོངས་ནས་མྱ་ངན་ཞུ་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། མང་ཚོགས་དག་གིས་ཚེས12ཉིན་རྔམ་སྟོན་ཁྲོམ་སྐོར་བྱས་ནས་འཇིགས་སྐུལ་ཉེས་ཅན་གྱི་དྲག་ཤུགས་བྱ་སྤྱོད་ལ་རྒོལ་གཏམ་གཏོང་དགོས་པའི་འབོད་སྐུལ་བཏང་།

དབྱི་ལིང་ཉེན་རྟོག་ཕྱོགས་ཀྱི་དམིགས་བསལ་ཚན་ཆུང་གི་བཀོད་འདོམ་དཔོན་པོ་མའོ་སཱ་ཐེ་ཡིས་བཤད་རྒྱུར། བདེ་འཇགས་མི་སྣ་དེ་དག་གིས་ཟིང་འཁྲུག་ཞི་འཇགས་སུ་གཏོང་བའི་ལས་འགན་ལག་བསྟར་བྱེད་སྐབས་ཚེ་ལས་འདས་པ་ཡིན་ལ། མི་མང་བོས་མེ་མདའ་སོགས་རིགས་སྣ་ཚོགས་ཀྱི་མཚོན་ཆ་བེད་སྤྱད་ནས་ཁོ་ཚོར་འཇབ་རྒོལ་བྱས་པ་རེད་ཟེར།

བདེ་འཇགས་སྡེ་ཁག་གིས་བསྒྲགས་པ་ལྟར་ན། དབྱི་ལིང་རྒྱལ་ཡོངས་ནས་འཇིགས་སྐུལ་ཉེས་ཅན་གྱི་མགོ་བ་དང་འགུལ་སྐྱོད་ཀྱི་འགན་ཁུར་མི་སྣ200ཙམ་འཛིན་བཟུང་བྱས་པར་མ་ཟད། ཟིང་འཁྲུག་བྱུང་ས་ནས་ལག་འབོམ་དང་འབར་སྣུམ་དམ་བུ་སོགས་འགད་རྫས་དང་མཚོན་ཆ་མང་བོ་རྩད་ཆོད་ཡོད་ཟེར།

ཏི་ཧེ་ལན་གྱི་མེ་གསོད་ཅུས་ཀྱི་ཅུས་ཀྲང་མུའུ་ཧནམའོ་ཏིས་ཀྱིས་བཤད་རྒྱུར། དྲག་ཆས་ཟིང་འཁྲུག་སློང་མཁན་གྱིས་དམངས་ཀྱི་སྡོད་གནས26མེར་བསྲེགས་པ་དང་། གཞན་ཡང་དབྱི་སི་ལན་གྱི་ཆོས་ཁང34དང་དངུལ་ཁང40། ཉོ་ཚོང་ལྟེ་གནས15། སྲིད་གཞུང་གི་ཐོག་ཁང13བཅས་ལ་འཇབ་རྒོལ་བྱས་པ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།