
ཝེ་ནེ་ཙུའེ་ལཱའི་ནང་སྲིད་པུའུ་ཀྲང་ཁཱ་ཝེ་ལོས་ཀྱིས་ཚེས12ཉིན་བསྟན་དོན། ཝེ་ནེ་ཙུའེ་ལཱ་དང་ཨ་མེ་རི་ཁས་ཕྱོགས་གཉིས་ཀྱི་གཞུང་ཚབ་ཁང་སླར་གསོ་བྱེད་པར་སྐུལ་འདེད་བཏང་བའི་དམིགས་ཡུལ་ནི་ཝེ་ནེ་ཙུའེ་ལཱའི་སྲིད་འཛིན་མཱ་ཏུའུ་ལོ་དང་ཁོའི་ལྕམ་མོའི་བདེ་འཇགས་ལ་འགན་སྲུང་བྱེད་ཆེད་ཡིན་ཟེར།
ཁཱ་ཝེ་ལོས་ཀྱིས་ཉིན་དེར་སྲིད་འཛིན་ཏང་ཝེ་ནེ་ཙུའེ་ལཱའི་གཅིག་གྱུར་སྤྱི་ཚོགས་རིང་ལུགས་ཏང་གིས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཞིག་གི་སྟེང་བསྟན་དོན། ཨ་མེ་རི་ཁར་སྡོད་པའི་ཝེ་ནེ་ཙུའེ་ལཱའི་གཞུང་ཚབ་ཁང་དང་ཝེ་ནེ་ཙུའེ་ལཱ་རུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་སླར་གསོ་བྱས་ན། ཕྱོགས་གཉིས་ཀྱི་གཞུང་ཚབ་ལས་ཁུངས་ཀྱི་རྒྱུན་ལྡན་འཁོར་སྐྱོད་སླར་གསོ་བྱེད་པར་ཕན་པ་དང་། ཨ་མེ་རི་ཁའི་མངའ་ཁོངས་སུ་ཡོད་པའི་མཱ་ཏུའུ་ལོ་བཟའ་ཟླ་གཉིས་ལ་དགོས་ངེས་ཀྱི་སྲུང་སྐྱོབ་དང་རྒྱབ་སྐྱོར་བྱེད་ཐུབ་ཟེར།
ཁཱ་ཝེ་ལོས་ཀྱིས་ནན་གྱིས་བསྟན་དོན། གཞུང་ཚབ་ཁང་སླར་གསོ་བྱས་པའི་དམིགས་ཡུལ་ནི་གཞུང་ཚབ་ལས་ཁུངས་ཀྱིས་མཱ་ཏུའུ་ལོ་བཟའ་ཟླ་གཉིས་ཀྱི་བདེ་ཐང་དང་གནས་ཚུལ་ལ་དོ་སྣང་དང་འགན་སྲུང་བྱེད་ཆེད་ཡིན་ལ། ཞོར་དུ་ཝེ་ནེ་ཙུའེ་ལཱ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།