སོ་མཱ་ལི་ཡིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་གྱི་གྲོས་མཐུན་ཚང་མ་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​སོ་མཱ་ལིའི་སྲིད་གཞུང་གིས་ཚེས12ཉིན་ཁྱབ་བསྒྲགས་བྱས་དོན། སོ་མཱ་ལིའི་ནེ་ཀིའི་གྲོས་ཚོགས་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་གཞུང་ལས་ཁུངས་དང་ཚོགས་པ། ས་ཁུལ་གྱི་སྲིད་འཛིན་ལས་ཁུངས་བཅས་ཀྱི་བར་བཀོད་པའི་གྲོས་མཐུན་ཚང་མ་མཚམས་བཞག་སྟེ། རྒྱལ་ཁབ་ཀྱི་གཅིག་གྱུར་དང་མངའ་ཁོངས་ཆ་ཚང་ཡོང་བ། རྩ་ཁྲིམས་ཀྱི་སྒྲིག་ལམ་བཅས་ལ་སྲུང་སྐྱོབ་བྱེད་རྒྱུ་ཐག་བཅད་ཡོད་ཟེར།

ནེ་ཀི་ཡིས་སྤེལ་བའི་གསལ་སྒྲོག་ལྟར་ན། རྩིས་མེད་དུ་བཏང་བའི་གྲོས་མཐུན་དེ་པའོ་ཕའེ་ལཱ་དང་པའོ་སཱ་སོ། ཅི་སི་མཱ་ཡུག་གྲུ་ཁ་བཅས་ཀྱི་མཉམ་ལས་དང་། ཕྱོགས་གཉིས་ཀྱི་བདེ་འཇགས་འགོག་སྲུང་བཀོད་སྒྲིག་སོགས་ལ་འབྲེལ་ཡོད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འབྲེལ་ཡོད་འགུལ་སྐྱོད་ནི་བསམ་བཞིན་དུ་སོ་མཱ་ལིའི་ཆབ་སྲིད་སྒེར་ཚུགས་ཀྱི་ནུས་པ་ཇེ་ཞན་དུ་གཏོང་ཆེད་ཡིན་པའི་བདེན་དཔང་རྙེད་ཡོད་པས། ནེ་ཀི་ཡིས་གོང་གི་ཆོད་དོན་དེ་སྤེལ་བ་ཡིན་ཟེར།

སོ་མཱ་ལིའི་སྲིད་གཞུང་གིས་བསྐྱར་སྒྲོག་བྱས་དོན། རྒྱལ་ཁབ་ཀྱི་བདག་དབང་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་རྒྱུ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སོ་མཱ་ལིའི་རྩ་ཁྲིམས་སྒྲིག་ལམ་དང་མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་བྱེད་དགོས་པའི་འབོད་སྐུལ་བཏང་།

པའོ་ཕའེ་ལཱ་ནི་སོ་མཱ་ལིའི་ནུབ་བྱང་ཕྱོགས་སུ་གནས་པའི་མངའ་སྡེ་ཞིག་ཡིན་པ་དང་། རང་བཙན་བྱེད་རྒྱུ་རང་འདོད་ལྟར་ཁྱབ་བསྒྲགས་བྱས་པའི་སོ་མཱ་ལིའི་ས་ཁུལ་ཞིག་རེད། ཨ་རབ་རྒྱལ་ཁབ་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ས་ཁུལ་དེར་གྲུ་ཁ་ཆེན་མོ་ཞིག་དང་དམག་དོན་རྟེན་གཞི་ཞིག་ལས་ཡོད། པའོ་སཱ་སོ་ནི་སོ་མཱ་ལིའི་བྱང་ཤར་ཕྱོགས་ཀྱི་པཱ་ལི་མངའ་སྡེ་རུ་ཡོད་པ་དང་། གནས་དེར་ཡང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་དམག་དོན་རྟེན་གཞི་ཞིག་བཙུགས་ཡོད། ཅི་སི་མཱ་ཡུག་ནི་སོ་མཱ་ལིའི་ལྷོ་ཕྱོགས་ས་ཁུལ་དུ་གནས་ཡོད།

གཞན་ཡང་བསྒྲགས་པ་ལྟར་ན། དེའི་སྔོན་སོ་མཱ་ལིའི་སྲིད་གཞུང་གིས་དམག་བཀོལ་གནམ་གྲུ་ཞིག་གཟའ་འཁོར་སྔོན་མར་དབང་ཆ་མ་ཐོབ་པར་སོ་མཱ་ལིའི་མཁའ་ཁོངས་སུ་འཕུར་བ་དང་བདེ་འཇགས་ཀྱི་ཞན་ཆ་ཡོད་པ་རྒྱུ་མཚན་དུ་བྱས་ཏེ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ནས་བཏང་བའི་གནམ་གྲུ་དང་སྐྱེལ་འདྲེན་གནམ་གྲུ་རང་གི་མངའ་ཁོངས་སུ་འཕུར་བར་གཏན་འགོག་བྱས། དེའི་རྗེས་སུ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་སོ་མཱ་ལི་ནས་དམག་དོན་སྒྲིག་ཆས་དང་མཐོ་རིམ་དམག་དོན་མི་སྣ་དག་ཕྱིར་འཐེན་བྱས།

སོ་ཏི་ཨ་རབ་གཙོ་བྱས་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་གསལ་སྒྲོག་ཅིག་ལས་མངོན་པ་ལྟར་ན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱེད་པའི་ཡེ་མིན་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་པ་ཙུའུ་པེ་ཏིས་ཚེས7ཉིན་གྱི་དགོང་མོར་ཡེ་མིན་གྱི་ཡཱ་ཏེན་ནས་གྲུ་གཟིངས་ལ་བསྡད་དེ་པའོ་ཕའེ་ལཱ་རུ་བྲོས་པ་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་གནམ་གྲུར་བསྡད་དེ་སོ་མཱ་ལིའི་རྒྱལ་ས་མའོ་ཅཱ་ཏིས་ཧྲ་རུ་སོང་བ་ཡིན་ལ། ཡང་བསྐྱར་མའོ་ཅཱ་ཏིས་ཧྲ་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་ས་ཨ་པུའུ་ཀྲ་པུས་ལ་སོང་བ་རེད། སོ་མཱ་ལིའི་སྲིད་གཞུང་གིས་དེའི་དབང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་ངོ་རྒོལ་བྱེད་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།