
དབྱི་ལིང་གསར་འགྱུར་བརྙན་འཕྲིན་ཁང་གིས་ཚེས12ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ས་ཁུལ་སོ་སོའི་མང་ཚོགས་འབུམ་ཕྲག་འགའ་ཡིས་ཉིན་དེར་སྲང་ལམ་དུ་འདུ་ཚོགས་སྤེལ་ནས། ཕྱི་རྒྱལ་གྱི་སྟོབས་ཤུགས་ཀྱིས་རྒྱབ་སྐྱོར་བྱེད་པའི་ཟིང་འཁྲུག་དོན་རྐྱེན་ལ་རྒོལ་གཏམ་བཏང་།
བསྒྲགས་པ་ལྟར་ན། ཏི་ཧེ་ལན་ཞིང་ཆེན་དང་བཅས་པའི་ཞིང་ཆེན་འགའི་མང་ཚོགས་ཀྱིས་ཉིན་དེའི་ཕྱི་དྲོའི་དུས་ཚོད་གཉིས་ཡས་མས་ནས་བཟུང་འདུ་ཚོགས་བསྡུས། ད་རུང་ཞིང་ཆེན་སྐོར་ཞིག་གི་འདུ་ཚོགས་དེའི་སྔོན་ནས་མགོ་བརྩམས་ཡོད་ཟེར།
དབྱི་ལིང་གི་འབྲེལ་ཡོད་དཔོན་རིགས་ཀྱིས་བཤད་རྒྱུར། ཐེངས་འདིའི་རྒྱལ་ཡོངས་ཀྱི་འདུ་ཚོགས་ལས་མང་ཚོགས་མཐུན་སྒྲིལ་ཡིན་ཞིང་བློ་སེམས་གཅིག་མཐུན་ཡིན་པ་མཚོན་ཡོད་ལ། མཐུན་སྒྲིལ་དེ་རིགས་ནི་རྒྱལ་ཁབ་ཀྱི་བབ་བསྟུན་རང་བཞིན་གྱི་འགན་སྲུང་ཞིག་ཡིན་ཟེར།
དབྱི་ལིང་གསར་འགྱུར་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཧའོ་ལཱ་མཱ་པཱ་ཏི་དང་། པུས་ཨར་ཀྲན་ཏི། ཀྲ་ཧེ་ཏན། ལཱ་ཧྲི་ཐི་སོགས་ས་ཁུལ་དུ། འདུ་ཚོགས་ལ་ཞུགས་པའི་མང་ཚོགས་ཀྱིས་ལག་ཏུ་འཕྲེད་བྱང་དང་དབྱི་ལིང་གི་རྒྱལ་དར། དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མཱེ་ནེ་དབྱེའི་འདྲ་པར་སོགས་བཟུང་ནས་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།
དབྱི་ལིང་དབྱི་སི་ནེ་མུའུ་འཕྲིན་གཏོང་ཁང་གིས་སྤེལ་བའི་བརྙན་རིས་ལྟར་ན། ཁུའུ་མུའུ་སོགས་ས་ཁུལ་གྱི་མང་ཚོགས་དག་གིས་ཟིང་འཁྲུག་ཁྲོད་རྐྱེན་ལམ་དུ་ཤོར་བའི་དབྱི་ལིང་གི་བདེ་འཇགས་མི་སྣར་དུར་འཇུག་བྱ་འགུལ་སྤེལ།
བསོད་ནམས་ཚེ་རིང་གིས་བསྒྱུར།