
ཕཱ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་ནང་སྲིད་སྡེ་ཁག་གིས་ཚེས12ཉིན་གསལ་སྒྲོག་སྤེལ་ཏེ། ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ཧན་ཡུག་ནེ་སི་གྲོང་ཁྱེར་གྱི་ཉེན་རྟོག་ཅུས་ཀྱི་རྟོག་ཞིབ་སྡེ་ཁག་གི་འགན་ཁུར་བ་མཱ་ཧཱ་མའོ་ཏི་ཨ་སི་ཐཱ་ཨར་ཉིན་དེར་རྐྱེན་ལམ་དུ་ཤོར་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། མཱ་ཧཱ་མའོ་ཏི་ཨ་སི་ཐཱ་ཨར་ནི་ཅཱ་ཧྲའི་ལྷོ་ངོས་ཀྱི་མཱ་ཝ་ཞི་ས་ཁུལ་ནས་མེ་མདའི་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར་བ་རེད། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། ལག་དམར་གྱིས་རླངས་འཁོར་ཞིག་ལས་མེ་མདས་བརྒྱབ་པ་ཡིན་ལ། རླངས་འཁོར་དེས་དབྱི་སི་རལ་ལ་འབྲེལ་བ་ཡོད་པའི་མི་སྣ་སྐོར་ཞིག་དྲུད་ཡོད་པ་རེད་ཟེར།
2007ལོར་ཕཱ་ལེ་སི་ཐན་མི་རིགས་བཅིངས་འགྲོལ་ལས་འགུལ་ཧྥ་ཐཱ་ཧི་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་བར་འཁྲུག་རྩོད་བྱུང་། ཧཱ་མཱ་སི་ཡིས་ཅཱ་ཧྲ་ས་ཁུལ་གྱི་ཚོད་འཛིན་དབང་ཆ་འཕྲོག་ལེན་བྱས། ཧཱ་མཱ་སི་ལ་འབྲེལ་འདྲིས་བྱེད་པའི་ས་དེའི་འབྲེལ་ཡོད་མི་སྣ་ཞིག་གིས་བཤད་རྒྱུར། ཨ་སི་ཐཱ་ཨར་ནི་ཧཱ་མཱ་སིའི་ཁོངས་མི་གཙོ་བོ་ཞིག་རེད་ཟེར།
ཧཱ་མཱ་སི་ཡིས་ཟླ་འདིའི་ཚེས10ཉིན་ཁྱབ་བསྒྲགས་བྱས་དོན། ཅཱ་ཧྲ་ས་ཁུལ་གྱི་ལས་དོན་ལ་ལྟ་རྟོག་བྱེད་པའི་སྲིད་འཛིན་ལས་ཁུངས་ཚང་མ་གཏོར་བར་མ་ཟད། དོ་དམ་འགན་འཁྲི་དེ་སྒེར་ཚུགས་ཀྱི་ལག་རྩལ་དཔོན་རིགས་ཨུ་ཡོན་ལྷན་ཁང་ལ་བརྒྱུད་སྤྲོད་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།