
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས13ཉིན་བསྒྲགས་པ་ལྟར་ན། རྒྱལ་ཁབ་མང་བོའི་ཁྲལ་གྱི་བསྡུ་ཚད་ནམ་རྒྱུན་ཅུང་དམའ་བའི་དབང་གིས་མངར་ཆ་དང་ཆང་བཅུད་འདུས་པའི་སྐོམ་ཆུའི་རིན་གོང་ལྷག་ཏུ་ཇེ་དམའ་ཡིན་པས། ཚོ་འབུད་པ་དང་གཅིན་སྙི་ཟ་ཁུའི་ནད། སྙིང་ནད། སྐྲན་ནད་སོགས་ཀྱི་གནོད་པ་སྔར་ལས་ཚབས་ཆེན་དུ་བཏང་ཡོད་ལ། ལྷག་པར་དུ་བྱིས་པ་དང་ན་གཞོན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ཟེར།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་དེར་གོ་ལ་ཧྲིལ་བོའི་མངར་ཆ་དང་ཆང་བཅུད་འདུས་པའི་སྐོམ་ཆུའི་ཁྲལ་བསྡུའི་གནས་ཚུལ་སྐོར་གྱི་སྙན་ཞུ་གཉིས་སྤེལ་བ་དང་། སྙན་ཞུ་ལས་བསྟན་དོན། རྒྱལ་ཁབ་མང་བོའི་ཁྲལ་བསྡུ་ཅུང་དམའ་བ་དང་། ཉམ་ཞན་གྱི་ཁྲལ་བསྡུའི་མ་ལག་ལས་གནོད་པ་ཡོད་པའི་ཐོན་རྫས་དེ་དག་གི་རིན་ཐང་ཇེ་དམའ་རུ་བཏང་ཡོད། དེ་བས་འགོ་ནད་མ་ཡིན་པའི་རིམས་ནད་དང་གནོད་པ་ལས་འཕྲོད་བསྟེན་ཁོངས་གཏོགས་ཀྱི་ནོར་སྲིད་གནོན་ཤུགས་ཉིན་རེ་བཞིན་ཇེ་ཇེར་བཏང་ཡོད་ཟེར།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འགྲེལ་བརྗོད་བྱས་དོན། མངར་ཆ་དང་ཆང་བཅུད་འདུས་པའི་སྐོམ་ཆུའི་གོ་ལ་ཧྲིལ་བོའི་ཚོང་རའི་སྤྱིའི་ཁེ་སྤོགས་མེ་སྒོར་ཁྲག་ཁྲིག་མང་བོར་བསླེབས་ཡོད་པ་དང་། ཐོན་རྫས་དེ་དག་གི་འཛད་སྤྱོད་དང་ཁེ་ལས་ཀྱི་ཁེ་སྤོགས་འཕར་བར་སྐུལ་འདེད་བཏང་ཡོད་ཀྱང་། སྤྱི་ཚོགས་ཀྱིས་དུས་ཡུན་རིང་བོར་བདེ་ཐང་དང་དཔལ་འབྱོར་གྱི་འགྲོ་སོང་ཁུར་དུ་ལེན་དགོས་ཟེར།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་ཁབ་སོ་སོས་ཡང་བསྐྱར་འབྲེལ་ཡོད་ཀྱི་ཁྲལ་བསྡུར་ཇུས་འགོད་དང་ཇེ་མཐོར་གཏོང་དགོས་པའི་འབོད་སྐུལ་བཏང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་གསར་འགྱུར་སྤྱི་སྒྲོག་ནང་བསྟན་དོན། བདེ་ཐང་གི་ཁྲལ་ནི་ང་ཚོས་བདེ་ཐང་ལ་སྐུལ་འདེད་དང་རིམས་ནད་སྔོན་འགོག་བྱེད་པའི་ཡོ་བྱད་ནུས་ལྡན་ཞིག་ཡིན་པ་དང་། དུ་རྩྭ་དང་མངར་ཆ། ཆང་བཅུད་བཅས་འདུས་པའི་ཐོན་རྫས་ཀྱི་ཁྲལ་བསྡུ་ཇེ་མཐོར་བཏང་ན། སྲིད་གཞུང་གིས་གནོད་པ་ཅན་གྱི་འཛད་སྤྱོད་ཇེ་ཉུང་དུ་བཏང་ཆོག་པར་མ་ཟད། གལ་འགངས་ཆེ་བའི་འཕྲོད་བསྟེན་ཞབས་ཞུ་སོགས་ཀྱི་གཅིག་བསྡུས་མ་དངུལ་ཡང་ཇེ་ཉུང་དུ་བཏང་ཆོག་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།