མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབྱི་ལིང་གི་གནས་བབ་དང་འབྲེལ་བའི་དྲག་ཤུགས་སྤེལ་བའི་གཏམ་བཤད་ལ་སེམས་ཁུར་བྱེད་བཞིན་ཡོད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཚེས13ཉིན་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབྱི་ལིང་གི་གནས་བབ་དང་འབྲེལ་བའི་དྲག་ཤུགས་སྤེལ་བའི་གཏམ་བཤད་ལ་སེམས་ཁུར་བྱེད་བཞིན་ཡོད་ཟེར།

ཏིས་ཡཱ་ལི་ཁི་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ཉེ་སྔོན་དབྱི་ལིང་གི་གནས་བབ་དང་འབྲེལ་བའི་དྲག་ཤུགས་སྤེལ་བའི་གཏམ་བཤད་ཇེ་མང་དུ་འགྲོ་བཞིན་པའི་གནས་ཚུལ་ལ་དམིགས་ནས། མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་དེར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མས་ངེས་པར་དུ་ཕྱི་འབྲེལ་གྱི་བྱ་བར་སྐུལ་འདེད་གཏོང་དགོས་པ་ལས་དྲག་ཤུགས་སྤེལ་བའི་གཏམ་བཤད་སྤེལ་མི་རུང་ཟེར།

བསྟུད་མར་ཉིན་འགའི་རིང་ལ། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཐེངས་མང་བོར་དམག་དོན་ལ་བརྟེན་ནས་དབྱི་ལིང་གི་གནས་བབ་ལ་ཐེ་གཏོགས་བྱེད་རྒྱུའི་འཇིགས་སྐུལ་བྱས། ཐི་ལིང་ཕུའུ་ཡིས་ཚེས13ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཁོས་དབྱི་ལིང་གི་དཔོན་རིགས་བར་གྱི་གྲོས་མོལ་ཚང་མ་མེད་པར་བཏང་ཡོད་ཟེར། ཨ་མེ་རི་ཁའི་སྐབས་དོན་ཚགས་པར་གྱིས་ཚེས12ཉིན་བསྒྲགས་པ་ལྟར་ན། ཟུར་ལྔའི་ཐོག་ཁང་ཆེན་མོས་ཐི་ལིང་ཕུའུ་ལ་དེའི་སྔོན་བསྒྲགས་པ་ལས་ཀྱང་ཁྱབ་རྒྱ་ལྷག་ཏུ་ཆེ་བའི་དབྱི་ལིང་ལ་ཆམ་ཕབ་གཏོང་བའི་ཇུས་གཞི་སྤྲད་ཡོད་ཟེར།

དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལཱ་ཀི་ཆི་ཡིས་ཚེས12ཉིན་བཤད་རྒྱུར། དབྱི་ལིང་གིས་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་རྩིས་ཡོད་ཀྱང་། དེའི་ཞོར་དུ་འཐབ་འཁྲུག་གི་གྲ་སྒྲིག་ཡང་བྱས་ཡོད་ཟེར།

དབྱི་ལིང་གི་རྒྱལ་སྲུང་བློན་ཆེན་ནཱ་ཞི་ཨར་ཀྲ་ཏི་ཡིས་ཚེས13ཉིན་བསྟན་དོན། གལ་ཏེ་དགྲ་ཕྱོགས་ཀྱིས་དབྱི་ལིང་གི་མངའ་ཁོངས་ལ་བཙན་འཛུལ་བྱས་ན། དབྱི་ལིང་གིས་ནུས་པ་ཡོད་ཚད་ཀྱིས་རྒོལ་ལན་སྤྲོད་ངེས་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར། 

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།