ཐན་ཏི་སེ་ཡིས་ཨ་མེ་རི་ཁ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལས་ཕྱིར་བུད་པ་ལས་རང་ངོས་དང་གོ་ལ་ཧྲིལ་བོའི་བདེ་འཇགས་ལ་འཇིགས་ཉེན་ཐེབས་ཡོད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཚེས13ཉིན་བསྟན་དོན། ཨ་མེ་རི་ཁ་མི་འགྱངས་པར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལས་དངོས་སུ་ཕྱིར་འབུད་རྒྱུ་ཡིན་པ་དང་། དེ་ལས་ཨ་མེ་རི་ཁ་དང་འཛམ་གླིང་གི་རྒྱལ་ཁབ་གཞན་པའི་བདེ་འཇགས་ལ་འཇིགས་ཉེན་ཐེབས་སྲིད་ཟེར།

ཐན་ཏི་སེ་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་སྨྱན་བྱད་ཀྱི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ཨ་མེ་རི་ཁ་འཕྲོད་བསྟེན་རྩ་འཛུགས་ལས་ཕྱིར་འབུད་པ་ནི་ཨ་མེ་རི་ཁ་དང་འཛམ་གླིང་གི་རྒྱལ་ཁབ་གཞན་པ་དག་ལ་མཚོན་ན་གྱོང་གུད་ཅིག་ཡིན་པ་དང་། དེ་ལས་ཨ་མེ་རི་ཁ་རང་ངོས་དང་འཛམ་གླིང་གི་རྒྱལ་ཁབ་གཞན་པའི་བདེ་འཇགས་ལ་འཇིགས་ཉེན་ཐེབས་ཡོད་པ་མཚོན་ཡོད་ལ། དེ་ནི་ཡང་དག་པའི་ཆོད་དོན་ཅིག་མ་ཡིན་ཟེར།

ཁོས་བསྟན་དོན། ཨ་མེ་རི་ཁས་ཆོད་དོན་དེར་ཡང་བསྐྱར་བསམ་བློ་བཏང་སྟེ་ཡང་བསྐྱར་འཛམ་གླིང་ཉོ་ཚོང་རྩ་འཛུགས་ནང་ཞུགས་དགོས་པའི་རེ་བ་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྤེལ་བའི་བྱ་བ་མང་བོ་ཨ་མེ་རི་ཁར་ཕན་པ་ཡིན། གལ་ཏེ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་བར་མཉམ་ལས་མ་བྱས་ན། ཨ་མེ་རི་ཁས་རང་ངོས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་ཐབས་མེད་ཟེར།

ཐན་ཏི་སེ་ཡིས་ད་རུང་བསྟན་དོན། སྔོན་རྩིས་ལེགས་སྒྲིག་དང་གྲུབ་ཚུལ་བཅོས་བསྒྱུར་བྱས་པ་བརྒྱུད་དེ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རིམ་བཞིན་མ་དངུལ་གནད་དོན་ཐག་གཅོད་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།