
དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས13ཉིན་སྨྱན་བྱད་ལ་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁ་རྒྱལ་སྤྱིའི་རྩ་འཛུགས་བཅུ་ཕྲག་འགའ་ལས་ཕྱིར་འབུད་རྒྱུ་ཁྱབ་བསྒྲགས་བྱས་རྗེས། དབྱི་སི་རལ་གྱིས་ཞིབ་འཇུག་དང་གྲོས་བསྡུར་བྱས་ཏེ། མྱུར་མོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང་རྒྱལ་སྤྱིའི་རྩ་འཛུགས་བདུན་བར་གྱི་འབྲེལ་བ་ཡོད་ཚད་གཅོད་རྒྱུ་ཐག་བཅད་པ་ཡིན་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱི་སྤྱི་སྒྲོག་ལས་གླེང་བའི་ལས་ཁུངས་དང་རྩ་འཛུགས་ཁྲོད་དུ། དབྱི་སི་རལ་གྱིས་དེའི་སྔོན་མཉམ་འབྲེལ་རྒྱལ་ཚོགས་བུད་མེད་ལས་དོན་ཁང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤ་ཡཱ་ནུབ་མའི་དཔལ་འབྱོར་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་འདུས་པའི་ལས་ཁུངས་བཞིའི་བར་གྱི་འབྲེལ་ཐག་བཅད་ཡོད། དེ་ལས་གཞན་དབྱི་སི་རལ་ཕྱོགས་ཀྱིས་ད་རུང་མཉམ་འབྲེལ་རྒྱལ་ཚོགས་དཔལ་ཡོན་མནའ་འབྲེལ་དང་མཉམ་འབྲེལ་རྒྱལ་ཚོགས་ནུས་ཁུངས་རྐྱེན་སྲོལ། གོ་ལ་ཧྲིལ་བོའི་གནས་སྤོར་སྡོད་དམངས་དང་འཕེལ་རྒྱས་གླེང་སྟེགས་བར་གྱི་འབྲེལ་ཐག་ཀྱང་བཅད་ཡོད་ཟེར།
དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་ཡིས་གོང་གི་ལས་ཁུངས་དང་རྩ་འཛུགས་དག་གིས་དབྱི་སི་རལ་ལ་ངོ་རྒོལ་བྱེད་བཞིན་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་ཡིས་ད་རུང་རྒྱལ་སྤྱིའི་ལས་ཁུངས་དང་རྩ་འཛུགས་གཞན་པའི་བར་དཔྱད་ཞིབ་བྱས་ཏེ་སྔར་ལས་ལྷག་པའི་ཆོད་དོན་སྤེལ་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།