ཧཱ་མཱ་སིའི་འཐུས་ཚབ་ཚོགས་པ་ཁེ་རོ་རུ་འབྱོར་ནས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དངོས་འབེབས་བྱེད་པར་གྲོས་བསྡུར་བྱེད་རྒྱུ་རེད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས།

​ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཚེས13ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཧཱ་མཱ་སིའི་འཐུས་ཚབ་ཚོགས་པ་ཉིན་དེའི་དགོང་མོར་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་རུ་འབྱོར་བ་དང་། ཨེ་ཅིབ་ཕྱོགས་དང་མཉམ་དུ་ཕྱོགས་ཡོངས་ནས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་དུས་རིམ་དང་པོའི་གྲོས་མཐུན་གྱི་དོན་ཚན་དངོས་འབེབས་བྱེད་པའི་ཐད་ནས་གྲོས་མོལ་བྱེད་རྒྱུ་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། འཐུས་ཚབ་ཚོགས་པ་དེར་ཧཱ་མཱ་སིའི་མཐོ་རིམ་དཔོན་རིགས་ཧཱ་ཡཱ་ཡིས་སྣེ་ཁྲིད་བྱས་ཡོད་པ་དང་། ཨེ་ཅིབ་ཕྱོགས་དང་མཉམ་དུ་གཙོ་བོ་ཕྱོགས་གཉིས་ཀྱི་ལཱ་ཧྥ་ཡི་རྒྱུ་ལམ་སྒོ་འབྱེད་བྱེད་པར་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།

ལཱ་ཧྥ་རྒྱུ་ལམ་ནི་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ཨེ་ཅིབ་དང་འབྲེལ་བའི་མཐའ་མཚམས་ས་ཁུལ་དུ་གནས་པ་དང་། 2024ལོའི་ཟླ5བར་དབྱི་སི་རལ་གྱི་དམག་དཔུང་གིས་ཕཱ་ལེ་སི་ཐན་ཕྱོགས་ཀྱི་ས་ཁུལ་ཚོད་འཛིན་བྱས་པའི་ཚུན་ལ་ཕལ་ཆེར་སྒོ་བརྒྱབ་ཡོད། དེའི་སྔོན་ལ་རྒྱུ་ལམ་དེ་ནི་ཅཱ་ཧྲ་ས་ཁུལ་གྱི་སྡོད་དམངས་དག་ཕྱི་ཕྱོགས་འགྲོ་འོང་བྱེད་པའི་རྒྱུ་ལམ་གཙོ་བོ་ཡིན་པ་དང་། རྒྱལ་སྤྱིའི་མི་ཆོས་རོགས་སྐྱོར་དངོས་རྫས་དག་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་འདྲེན་བྱེད་སའི་རྒྱུ་ལམ་གལ་ཆེན་ཞིག་ཀྱང་རེད།

གསལ་སྒྲོག་ལས་བཤད་རྒྱུར། ཧཱ་མཱ་སིའི་འཐུས་ཚབ་ཚོགས་པས་ད་རུང་ཨེ་ཅིབ་ཕྱོགས་དང་མཉམ་དུ་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་དུས་རིམ་གཉིས་པའི་འབྲེལ་ཡོད་ལས་དོན་ལ་གྲོས་བསྡུར་བཻཡད་རྒྱུ་ཡིན་པ་དང་། དེའི་ནང་ཅཱ་ཧྲ་ས་ཁུལ་བཅོས་སྐྱོང་བྱེད་པའི་ལག་རྩལ་དཔོན་རིགས་ཨུ་ཡོན་ལྷན་ཁང་འཛུགས་པ་དང་། དབྱི་སི་རལ་གྱི་དམག་དཔུང་དག་ཅཱ་ཧྲ་ས་ཁུལ་ནས་ཕྱིར་འཐེན་བྱེད་པ་སོགས་འདུས། ཧཱ་མཱ་སིའི་འཐུས་ཚབ་ཚོགས་པས་ད་རུང་ཕཱ་ལེ་སི་ཐན་གྱི་ཕྱོགས་ཁག་མང་བོའི་འགོ་ཁྲིད་པའི་བར་གྲོས་ཚོགས་བསྡུས་ཏེ། ཅཱ་ཧྲ་ས་ཁུལ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་གནས་བབ་ལ་གྲོས་བསྡུར་བྱེད་པའི་འཆར་གཞི་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།